དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཚན་ཁག་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྒྲིག་འཛུགས་བྱ་ཐབས》གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཚན་དང་ཚན་པ་35ཡི་འགན་འཁུར་བ་47གྱིས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག་པ་རེད།

    ཕྱི་དྲོའི་ཆུ་ཚོད་གསུམ་པར། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཝུའུ་ཀྲེང་ལུང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། དེ་རྗེས་དམ་འཇོག་སྣེ་ཁྲིད་མཁན་གྱིས་རྩ་ཁྲིམས་སྟེང་ཕྱག་བཞག་ནས་དམ་བཅའི་ཚིག་ཀློག་པ་དང་དམ་བཅའ་འཇོག་མཁན་གཞན་དག་གིས་རུ་སྟར་བསྒྲིགས་ནས་དམ་བཅའི་ཚིག་མཉམ་དུ་ཀློག་པ་རེད།

    དམ་བཅའ་བཞག་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གསུང་བཤད་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་རྩ་ཁྲིམས་ལ་དམ་བཅའ་འཇོག་པ་དེ་ལོ་ལྔའི་འཆར་འགོད་གཉིས་སྔ་འཛིན་ཕྱི་མཐུད་བྱེད་པའི་འགག་རྩའི་དུས་ལ་འཁེལ་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་འགོད་ཡག་པོ་བཀོད་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་འགོ་འཛུགས་ལོའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཟིན་པས་འབད་འཐབ་ལ་བརྟེན་ནས་འཆར་འགོད་མངོན་འགྱུར་བྱེད་དགོས། ཚང་མས་འགྱུར་མེད་ཀྱི་དམ་བཅའ་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། ཚད་གཞི་དེ་བས་མཐོ་བའི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལག་བསྟར་མཁན་དང་། བྱ་སྤྱོད་མཁན། དངོས་སྒྲུབ་མཁན་བཅས་ཡག་པོ་བྱེད་དགོས།

    ལི་ཆང་གིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་མཐའ་འཁྱོངས་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་རྨང་གཞི་འདིང་བ་དང་། གཏིང་ཤུགས་ཆེ་རུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་པ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་བཏོད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་ལ་འཕེལ་རྒྱས་གལ་ཆེན་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་གནད་དོན་ལ་བསམ་གཞིག་བྱེད་པ་དང་། སྲིད་ཇུས་གཏན་འབེབས་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་འགུལ་ངང་ནུས་ཆེ་མཉམ་སྒྲུབ་ཀྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་རང་རྟོགས་ངང་ཆོས་ཉིད་ལྟར་བྱ་བ་བསྒྲུབས་ཏེ། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་ལས་རྗེས་གཏོད་དགོས། བབ་བསྟུན་དཀའ་སེལ་གྱི་ལག་བསྟར་བྱེད་ནུས་ཆེ་རུ་བཏང་ནས་གཏན་འཁེལ་མེད་པའི་ཁོར་ཡུག་འོག་གཏན་འཁེལ་རང་བཞིན་གྱི་བྱ་བ་སྒྲུབ་མཁས་པོ་བྱེད་དགོས། སྔོན་ཚུད་བཀོད་སྒྲིག་ལ་སྣང་ཆེན་བྱས་ཏེ་གནས་བབ་ཀྱི་སྔོན་ཚུད་བརྡར་གཅོད་དང་སྲིད་ཇུས་ཀྱི་སྔོན་ཚུད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས། གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཐབས་ལམ་ཁོ་ནར་བརྟེན་པའི་གནད་དོན་ཐག་གཅོད་བྱས་ཏེ། སྒྱུར་བཅོས་གསར་གཏོད་ཀྱི་བྱ་ཐབས་ལ་བརྟེན་ནས་རྩ་བའི་འགལ་བ་སེལ་དགོས། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་དང་དཀའ་གནད་ཐག་གཅོད་བྱ་རྒྱུ་དེ་ལས་ཀ་འགོ་འཛུགས་པའི་འགག་གནད་སྒྲོལ་ས་གལ་ཆེན་ལ་བརྩིས་ཏེ། ལས་ཀའི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོངས་དགོས། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་དགོས།

    ལི་ཆང་གིས་ནན་བཤད་གནང་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འགན་འཁྲི་འཁུར་བ་དང་འབད་འཐབ་ཡར་བརྩོན་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།