2025ལོའི་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིའི་གླེང་སྟེགས་ཤིས་ཨན་དུ་འཚོགས་པ།
ཟླ་12ཚེས་19ཉིན་2025ལོའི་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིའི་གླེང་སྟེགས་ཧྲའན་ཤིས་ཤིས་ཨན་དུ་འཚོགས་པ་རེད། ད་ཐེངས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད། ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་དབྱི་ཏེ་དང་མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲེན་ཅན་ཝུན་གྱིས་ཤིས་ཚིག་སྒྲོན་པ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པ་ཡེ་ཀྲེན་ཀྲེན་གྱིས་གླེང་སྟེགས་གཙོ་བོ་གཙོ་སྐྱོང་བྱས་པ་རེད།
ཚོགས་ཞུགས་སྐུ་མགྲོན་གྱིས་བརྗོད་དོན། ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ཞིང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱ་རྒྱུ་དེ་ལྟེ་བའི་རིན་ཐང་དོན་གཉེར་དང་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་ཁྲིད་སྟོན་བྱས་ཐོག ཁེ་ལས་ཀྱི་རིན་ཐང་དང་སྤྱི་ཚོགས་ཀྱི་རིན་ཐང་གཅིག་གྱུར་མངོན་འགྱུར་ཡོང་བར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་དགོས།
ད་ཐེངས་ཀྱི་གླེང་སྟེགས་ནི་མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔལ་འབྱོར་དང་སྤྱི་ཚོགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འགན་འཁུར་བློ་མཐུན་དང་། ས་གནས་སྲིད་གཞུང་གི་གཙོ་གཉེར་སྡེ་ཚན་གྱི་འཐུས་མི། ཁེ་ལས་ཀྱི་འགན་འཁུར་བ། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་མི་200ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད། གླེང་སྟེགས་ལ་གླེང་སྟེགས་གཙོ་བོ་དང“ཐོན་སྐྱེད་ནུས་ཤུགས་གསར་མས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་གླེང་སྟེགས”དང“ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཀྱི་གླེང་སྟེགས”ཞེས་པའི་མཉམ་མཚུངས་ཡན་ལག་གླེང་སྟེགས་གཉིས་བཙུགས་ཡོད་པ་དང་། གླེང་སྟེགས་མ་འཚོགས་གོང“AIམཚན་མོ། རིག་ལྡན་ཁྲང་ཨན”གྱི་འགྲེམས་སྟོན་བྱེད་སྒོ་སྤེལ་བ་དང་ཆབས་ཅིག ཤིས་ཨན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོའི་བརྟག་ཞིབ་བཅར་འདྲིའི་བྱེད་སྒོ་སྒྲིག་འཛུགས་ཀྱང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།