གོམ་སྟབས་བརྟན་པོས་མདུན་དུ་བསྐྱོད་ནས་ངེས་གཏན་མེད་པའི་འཛམ་གླིང་ལ་ངེས་གཏན་རང་བཞིན་ཆེ་ཤོས་བཏོན་པ།
ཀྲུང་གོའི་དཔལ་འབྱོར“བརྟན་པའི”རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་ནས“ཡར་རྒྱས”ཀྱི་འཕེལ་ཕྱོགས་ཟམ་མི་ཆད་པར་ཤུགས་ཆེར་དང་། “མཉེན་གཤིས”ཀྱི་ཁྱད་ཆོས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ནས་འཛམ་གླིང་གི་དཔལ་འབྱོར་ལ་གདེང་ཚོད་ཆེན་པོ་ཞིག་སྦྱིན་ཡོད།
ཉིན་ཤས་གོང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་ནས་ད་ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་པ་མ་ཟད། སང་ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་ལ་ཁ་ཕྱོགས་གཏན་འཁེལ་བྱས་ལ། འཛམ་གླིང་གི་དཔལ་འབྱོར་ལའང་བརྟན་པའི་སྔོན་དཔག་དང་། གསར་གཏོད་ཀྱི་སྒུལ་ཤུགས། འཕར་བའི་གོ་སྐབས་བཅས་ཡོང་བར་བྱས་ཡོད། གདེང་ཚོད་བརྟན་གཏོང་དང་། ལེགས་ཆ་བེད་སྤྱོད་ཡག་པོ། འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། ཀྲུང་གོས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་བསྐྱེད་དེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་རྒྱུའི་འགན་ལེན་བྱས་ཡོད།
མི་རིང་བའི་གོང་། འཛམ་གླིང་གི་གྲུ་ཁ་ཆེན་པོ་ཨང་དང་པོ་ཡིན་པའི་ཉིང་པའོ་ཀྲོའུ་ཧྲན་གྲུ་ཁས་ལོའི་ཚད་ལྡན་དོས་སྒམ་འདོན་འཇུག་བྱེད་ཚད་ཁྲི་4000ལས་བརྒལ་ནས་གོ་ལ་ཧྲིལ་པོར་ལམ་ཚད་རྡོ་རིང་གི་ཚད་དུ་སླེབས་པའི་གྲུ་ཁ་ཨང་གསུམ་པར་གྱུར་ཡོད། གྲུ་ཁའི་བྲེལ་འཚུབ་ཀྱི་རྣམ་པ་ལས་ཀྲུང་གོའི་དཔལ་འབྱོར་བརྟན་ལ་གསོན་ཤུགས་རྒྱས་ཚུལ་མངོན་ཡོད། རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་གནས་ཚུལ་གྱི་མདུན་དུ་ཀྲུང་གོའི་དཔལ་འབྱོར་གནོན་ཤུགས་ཁྲོད་མདུན་སྐྱོད་དང་། གསར་དར་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.2%འཕར་ནས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་140ཡས་མས་ལ་སླེབས་རེ་ཡོད་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བདེ་བླག་ངང་འགྲུབ་ཐུབ་རྒྱུ་རེད། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་བར། ཀྲུང་གོའི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་41.21ཟིན་ནས་དུས་མཚུངས་ལས་3.6%འཕར་ཏེ་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་ཐུབ་ཡོད། ཉེ་ཆར་འཛམ་གླིང་དངུལ་ཁང་དང་། རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་གཞི་མང་པོ་ཞིག་གིས་2025ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་སྟེ། འགྲན་སློང་འཕྲད་ཀྱང་ཀྲུང་གོའི་དཔལ་འབྱོར་ཀྱི་མཉེན་ཤུགས་མངོན་གསལ་དོད་པོ་ཡོད་པའི་ངོས་འཛིན་བྱས་ཡོད། ད་ལོ་ནས་བཟུང་། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་མང་པོ་ཞིག་གིས་ཀྲུང་གོའི་ཁྲོམ་རར་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། “ཀྲུང་གོར་ཚོང་ལམ་བཟང་ཚུལ”ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ནས“ཀྲུང་གོར་མང་ཙམ་བལྟ་བའི”འཕེལ་ཕྱོགས་ཇེ་ཆེར་ཕྱིན་ཡོད། ཀྲུང་གོའི་དཔལ་འབྱོར“བརྟན་པའི”རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་ནས“ཡར་རྒྱས”ཀྱི་འཕེལ་ཕྱོགས་ཟམ་མི་ཆད་པར་ཤུགས་ཆེར་དང་། “མཉེན་ཤུགས”ཀྱི་ཁྱད་ཆོས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ནས་འཛམ་གླིང་གི་དཔལ་འབྱོར་ལ་གདེང་ཚོད་ཆེན་པོ་ཞིག་སྦྱིན་ཡོད།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུས“ཞབས་ཞུའི་ཁྱབ་ཁོངས་རང་བདག་གི་སྒོ་དབྱེ་རིམ་པས་རྒྱ་ཆེར་གཏོང་བ”དང་། “ཚོང་དོན་དང་མ་འཇོག་གཞི་གཅིག་ཅན་དང་། ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”“ས་ཁོངས་དང་ཕྱོགས་གཉིས་ཀྱི་ཚོང་དོན་དང་མ་འཇོག་གི་གྲོས་ཆོད་སྔར་བས་མང་བར་གྲོས་མོལ་དང་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་བ”སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་ནས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བརྡ་རྟགས་ཧ་ཅང་གསལ་པོ་བསྟན་ཡོད། 2025ལོ་ནས་བཟུང་། ཀྲུང་གོ་དང་མར་ཏི་ཝེའི་དབར་གྱི་རང་མོས་ཚོང་དོན་ལ་གྲོས་ཆོད་ཀྱི་ནུས་པ་ཐོན་ནས་ལག་ལེན་བསྟར་བ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རང་མོས་ཚོང་དོན་ཁུལ་གྱི་གྲོས་ཆོད་པར་གཞི་3.0པ་རིམ་སྤོར་བྱས་ཏེ་དངོས་སུ་མིང་རྟགས་བཀོད་པའི་བར་དང་། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་རིམ་སྤོར་འཐབ་ཇུས་ལག་ལེན་བསྟར་བ་ནས་ཧྲང་ཧའེ་ཡི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ཚོད་ལྟའི་བྱེད་ཐབས་77དཔེ་བལྟས་ནས་ཁྱབ་གདལ་བཏང་བའི་བར་གྱི་བྱ་ཐབས་མང་པོ་ཞིག་གིས་ཀྲུང་གོ་དང་རྒྱལ་ཁབ་ཁག་གི་གཉིས་ཕན་མཉམ་ལས་དམ་ཟབ་བྱུང་ཡོད། ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁ་འདི་གླིང་ཕྲན་ཧྲིལ་པོའི་སྒོ་ཁྲལ་སྡོམ་པའི་འཁོར་སྐྱོད་ཀྱི་དུས་མཚམས་གསར་པར་སླེབས་ཉེར་ཡོད་པ་དེས་གོ་ལ་ཧྲིལ་པོའི་ཚོང་དོན་མ་འཇོག་ལ་རང་མོས་དང་སྟབས་བདེ་ཡོང་བར་ཆོག་འཐུས་ཀྱི་ཇུས་གཞི་འཚོལ་ཞིབ་བྱ་ཆེད་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།