“ཀྲུང་གོའི་ཁེ་ལས་ལ་ལག་རྩལ་གྱི་འཇོན་ཐང་ཆེན་པོ་འདུག”
འཇར་མན་གྱི་པོ་ལན་ཏེང་པའོ་ཀྲོའུ་ཡི་ནུབ་བྱང་རྒྱུད་ཀྱི་ཕུའུ་ལི་ཤིས་ཉི་ཚི་རྫོང་གི་ས་བབ་དམའ་བ་དང་། ཉི་འོད་ཡག་པ། མི་འབོར་ཉུང་བ་བཅས་ཡོད་པ་དེ་ནི་འཇར་མན་གྱི་ནུས་རྒྱུ་གསར་པ་འཕེལ་རྒྱས་ཀྱི་མདུན་གྲལ་ས་ཁུལ་ཞིག་ཡིན་ཞིང་། ཏེ་ལུན་ཉི་ནུས་གླིང་དེ་གར་གནས་ཡོད།
ཏེ་ལུན་ཉི་ནུས་གླིང་དུ་སྐྱོད་སྐབས། མུ་མཐའ་མི་མངོན་པའི“སྔོ་ཐིང་ཐིང་གི་ཤེལ་ལེབ”ནས་ཉི་ནུས་རྒྱུན་ཆད་མེད་པར་འཇར་མན་གྱི་གློག་དྲར་གཏོང་གི་ཡོད། གླིང་ཁུལ་དེ་ནི་འཇར་མན་གྱི་བསྐྱར་སྐྱེས་ནུས་རྒྱུ་ཀུང་སི་CEEཚོགས་པས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་ཡིན་པ་དང་། 2023ལོར་དྲ་སྦྲེལ་གློག་གཏོང་བྱས་པ་དང་ལོ་རེའི་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.5ལྷག་ཙམ་ཟིན་ཞིང་། ལོ་ལྟར་ཐོན་པའི་གློག་ཤུགས་གཙང་མ་ནི་ཚད་ལྡན་རྡོ་སོལ་ཏུན་ཁྲི་6ཙམ་གྲོན་ཆུང་བྱས་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་12ཙམ་ཉུང་དུ་བཏང་བ་དང་མཚུངས་ཀྱི་ཡོད། གླིང་ཁུལ་ནང་གི་ཀྲའོ་ཝ་154ཟིན་པའི་འོད་ཤུགས་ལྷུ་ལག་ཚང་མ་ཀྲུང་གོའི་ཀྲེང་ཐའེ་ནུས་གསར་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས(བསྡུས་མིང་ལ“ཀྲེང་ཐའེ་ནུས་གསར”)མཁོ་འདོན་བྱས་པ་ཞིག་རེད།
ཀྲེང་ཐའེ་ནུས་གསར་ཡོ་རོབ་ཁུལ་གྱི་རྣམ་གྲངས་ཕྱིར་ཚོང་འགན་འཁུར་བ་ཏི་མོ·ཧྥུ་ལང་ཙི་ཡིས་གསར་འགོད་པར“གླིང་ཁུལ་གྱིས་ལས་རིགས་ཀྱི་ལག་རྩལ་གསར་ཤོས་སྤྱད་དེ་སྒྱུར་ཚད་སྔར་ལས་མཐོ་བ་དང་སྤྱོད་ཡུན་སྔར་ལས་རིང་དུ་བཏང་ནས་རྩིས་གཞི་རེའི་རྒྱ་ཁྱོན་གྱི་གློག་འདོན་ཚད་མཐོ་རུ་གཏོང་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བཤད། འཇར་མན་ཕྱོགས་ཀྱི་དགོས་མཁོ་རྒྱུས་ལོན་གཏིང་ཟབ་བྱས་རྗེས། ཀྲེང་ཐའེ་ནུས་གསར་གྱིས་ལག་རྩལ་གྱི་འགག་སྒྲོལ་མགྱོགས་སུ་བཏང་ནས་ནུས་ཆེའི་Nདབྱིབས་གློག་རྫས་རང་བརྟེན་ཞིབ་སྤེལ་བྱས་པ་མ་ཟད། གཞི་ཁྱོན་ཆེ་བའི་འབོར་ཐོན་མགྱོགས་མྱུར་བྱེད་ཀྱི་ཡོད། འཇར་མན་དུ་ཁྱབ་རྒྱ་ཆེ་བའི་ཐོག་ཁའི་འོད་ཤུགས་རྣམ་པར་དམིགས་ནས། ཀྲེང་ཐའེ་ནུས་གསར་གྱིས་ཆེད་མངགས་ལྷུ་ལག་ཐོན་རྫས་ཆུང་གྲས་བཏོན་པ་རེད། ཧྥུ་ལང་ཙི་ཡིས། “ལྷུ་ལག་དེ་རིགས་ཆུང་ཞིང་ཡང་ལ་དབོར་འདྲེན་དང་སྒྲིག་སྦྱོར་བྱེད་བདེ་བས་སྤྱོད་མཁན་གྱི་མ་གནས་དམའ་རུ་ཕྱིན་པ་མ་ཟད། འོད་ཤུགས་སྐྲུན་དངོས་གཞི་གཅིག་ཅན་དུ་སྐྲུན་ཐུབ་ཀྱི་ཡོད”ཅེས་བཤད། ཀུང་སིས་ཐོན་སྐྱེད་བརྒྱུད་རིམ་ནང་ད་དུང་ཁོར་ཡུག་སྲུང་སྐྱོང་གི་བཟོ་རྩལ་ཁྱབ་གདལ་ཧུར་ཐག་བཏང་བ་དེ་ནི་ཡོ་རོབ་མནའ་འབྲེལ་གྱི་ཁོར་ཡུག་སྲུང་སྐྱོང་ཚད་གཞི་དང་ཡོངས་སུ་མཐུན་ཡོད་པ་རེད།
“ཀྲུང་གོའི་ཁེ་ལས་ལ་ལག་རྩལ་གྱི་འཇོན་ཐང་ཆེན་པོ་འདུག”ཅེས་CEEཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཏེ་ཐེ་ལེ་ཧྥུའུ·ཧྲི་ལའེ་པོ་ཡིས་བརྗོད་པ་དང་། ཁོང་གིས“ཀྲེང་ཐའེ་ནུས་གསར་ཀུང་སི་དང་མཉམ་ལས་བྱས་པ་བརྒྱུད་རྣམ་གྲངས་ཀྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་འགན་ལེན་ཐུབ་པ་མ་ཟད། ང་ཚོས་འབྱུང་འགྱུར་མཉམ་ལས་དེ་བས་མང་པོ་བྱེད་པར་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་བརྗོད།
ཀྲེང་ཐའེ་ནུས་གསར་ཡོ་རོབ་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་ཅིས་ཤིན་ཧྭ་ཡིས། “སླད་ཕྱིན་ཁྱིམ་སྤྱོད་འོད་ཤུགས་དང་། ཉི་གཡབ་ཀྱི་འོད་ཤུགས། བཟོ་ཚོང་ལས་རིགས་ཀྱི་འོད་ཤུགས་སོགས་ཀྱི་ཁྱབ་ཁོངས་ལས་རིགས་ཀྱི་འཕར་གཞི་གསར་པར་འགྱུར་རྒྱུ་དང་། མཛེས་ཤིང་ཡང་བའི་ཐོག་ཁའི་འོད་ཤུགས་ཐོན་རྫས་ཆུང་གྲས་ཀྱི་དགོས་མཁོ་ཆེ་རུ་འགྲོ་རྒྱུ་རེད། ‘འོད་ཤུགས་དང་ནུས་གསོག་ཟུང་འབྲེལ’གྱི་ལེ་ལག་ཚང་བའི་མ་ལག་ནི་འཇར་མན་དང་ཡོ་རོབ་མནའ་འབྲེལ་ཁྲོམ་རས་གློག་དྲ་འདྲེན་སྤྱོད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།