གངས་ལྗོངས་ས་མཐོར་ལང་ཚོ་སྐྱེས་སུ་ཕུལ། དཀའ་སྤྱད་འབད་འཐབ་ཉེན་རྟོག་བླ་སྲོག་བཏོད།
—— རྒྱལ་ཡོངས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་ཀྱི་འོས་སྒུག་མི་སྣ་ཀྲའོ་དབྱང་གི་སྐོར་བཀོད་པ།
“ཕུལ་བྱུང་དམག་མི”ཞིག་ནས་སྤྱི་བདེའི་དམིགས་བསལ་ཉེན་རྟོག་པའི“རྒྱལ་ཡོངས་ཀྱི་ཨང་དང་པོ”ཐོབ་པའི་བར། ཁོང་ལ་སྦྱོང་བརྡར་བྱེད་རིང་རྨས་སྐྱོན་ཕོག་ཡོད་ལ། ལས་འགན་སྒྲུབ་རིང་དཀའ་སྡུག་མང་པོ་མྱངས་པ་མ་ཟད། བྱ་དགའ་ཐོབ་སྐབས་ཀྱི་དགའ་སྤྲོ་དང་། ཁྱིམ་མི་དང་ཐུག་འཕྲད་མ་བྱུང་བའི་གནོང་འགྱོད་ཀྱང་བྱུང་མྱོང་ཡང་། འོན་ཀྱང་རང་ཉིད་ཀྱི་གདམ་ག་ལ་འགྱོད་པ་གཏན་ནས་སྐྱེས་མྱོང་མེད།
ལོ་17རིང་། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རིམ་པ་གཉིས་པའི་ཉེན་རྟོག་དཔོན་ཀྲའོ་དབྱང་གིས་ལྷག་བསམ་ཟོལ་མེད་དང་། དངོས་སྒྲུབ་རྩ་བར་འཛིན་པ། ལེགས་སྐྱེས་གཟི་བརྗིད་དུ་བརྩི་བ་བཅས་བྱས་ཏེ། “དམག་ཞབས་ཐིམ་ཡང་སྙིང་སྟོབས་མི་ཉམས་པ་དང་། ཉེན་རྟོག་པ་ནས་ལས་སྒྱུར་བྱས་ཀྱང་འདུན་པ་མི་འགྱུར་བའི”ནང་དོན་ལ་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་སྟེ། གུང་ཁྲན་ཏང་ཡོན་དང་མི་དམངས་ཉེན་རྟོག་པ་ཞིག་གི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་ཁྲིམས་བཞིན་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད།
དམག་མི་ནས་མི་དམངས་ཉེན་རྟོག་པའི་བར་གྱི་ལྷག་བསམ།
“ནུབ་རྒྱུད་དང་མེས་རྒྱལ་གྱི་དགོས་མཁོ་ཆེ་སར་འགྲོ་གི་ཡིན”ཞེས་2008ལོར་ལོ་19ལ་སླེབས་པའི་ཀྲའོ་དབྱང་ཕ་ཡུལ་དང་ཁ་བྲལ་ཏེ། བོད་དུ་བསྐྱོད་པའི་མེ་འཁོར་ལ་བསྡད།
ལོ་ལྔའི་དམག་སྒར་གྱི་འཚོ་བ་སྐྱེལ་སྐབས། ལེན་ཤོག་གི་གཙོ་གནད་གསོ་སྐྱོང་བྱ་ཡུལ་ཡིན་པའི་ཀྲའོ་དབྱང“ཕུལ་བྱུང་དམག་མིར”བདམས་པ་མ་ཟད། དཔུང་སྡེའི་གཟེངས་བསྟོད་དང་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཡང་ཐོབ་ཡོད།
2013ལོར་ཀྲའོ་དབྱང་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་ལ་རྒྱུགས་འཕྲོད།
ཀྲའོ་དབྱང་མི་དམངས་ཉེན་རྟོག་པར་གྱུར་རྗེས། ཁོང་ལ་བག་ཆགས་ཟབ་ཤོས་ཀྱི་བྱ་བ་གཉིས་ཡོད་དེ།
གཅིག་ནི། 2014ལོར་དར་ཆེན་གྱི་བདེ་སྲུང་ལས་དོན་ལ་ཞུགས་པ་དེ་རེད།
དར་ཆེན་གྲོང་རྡལ་ནི་གངས་རིན་པོ་ཆེའི་འདབས་སུ་གནས་ཤིང་ཆ་སྙོམས་ས་བབ་སྨི་4600ཙམ་ཟིན་པ་དང་། ལོ་ལྟར་དབྱར་ཁར་ཡུལ་སྐོར་བ་མང་པོ་འོང་གི་ཡོད།
ཟླ་བ་བདུན་ལྷག་ཙམ་རིང་། རིམ་རྩིས་བརྒྱབ་ན་ཁོང་དང་འཐབ་གྲོགས་ཚོས་སྤྱི་ལེ་སྟོང་ལྷག་ཙམ་ལ་སྐོར་གཡེང་བྱས་ནས་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ལ་དཀའ་ངལ་ཁག་200ལྷག་ཙམ་སེལ་རོགས་བྱས་ཏེ། འགན་སྲུང་ཁུལ་དུ་བདེ་འཇགས་ཀྱི་དོན་རྐྱེན་གཅིག་ཀྱང་མི་ཐོན་པར་བྱས་ཡོད་པས། ཁོང“2014ལོའི་ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་ཁུངས་ཀྱི་དར་ཆེན་བདེ་སྲུང་བྱེད་སྒོའི་སྔོན་ཐོན་མི་སྒེར”ལ་བདམས་པ་རེད།
གཅིག་ཤོས་ནི། 2025ལོར་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་པའི་ཡོམ་འགོག་གེགས་སེལ་གྱི་བྱ་སྤྱོད་ནང་ཞུགས་པ་དེ་རེད།
ཀྲའོ་དབྱང་གིས་དམིགས་བསལ་ཉེན་རྟོག་རུ་མིའི་སྣེ་ཁྲིད་དེ་གྲམ་མཚོ་ཤང་དགུ་རོང་གྲོང་ཚོ་དང་དགའ་ལྡན་གྲོང་ཚོ་སོགས་སུ་བསྐྱོད་ནས་མང་ཚོགས་4བདེ་བླག་ངང་བསྐྱབས་པ་དང་། མང་ཚོགས་30ལྷག་ཙམ་གནས་སྤོ་དང་ཁ་འགྲེམས་བྱས་པ། མང་ཚོགས་ལ་གནས་སྐབས་གུར་5ཕུབ་ཡོད།
གེགས་ཁུལ་དུ་ཉིན་མཚན་མེད་པར་འབད་འཐབ་ཉིན་20བྱས་པར་ཕྱིར་མིག་ལྟ་སྐབས། ཀྲའོ་དབྱང་གིས་མིག་ལ་ཆུ་ཞགས་འཁོར་བཞིན་དུ“མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བ་ནི་འབོད་ཚིག་སྟོང་པ་ཙམ་ཞིག་གཏན་ནས་མིན་པར་ང་ཚོས་མི་ཚེ་ཧྲིལ་པོར་ལག་ལེན་བསྟར་དང་བསྟར་མུས་ཀྱི་དམ་བཅའ་ཞིག་རེད”ཅེས་བཤད།
དངོས་འཐབ་ཀྱི་རྩལ་ཁྲིད་དཔོན་ཞིག་གི“རྒྱུན་འཁྱོངས”དང“འགན་འཁྲི”
གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་སླེབས་རྗེས། ཀྲའོ་དབྱང་དམིགས་བསལ་དམག་འཐབ་རུ་ཆེན་གྱི་རུ་དཔོན་དང་རྩལ་ཁྲིད་དཔོན་གཅིག་ལྕོགས་སུ་བསྐོས་ནས་དམིགས་བསལ་དམག་འཐབ་རུ་མིའི་སྣེ་ཁྲིད་དེ་ལས་སྒོའི་རྩལ་ནུས་སྦྱོང་བརྡར་གྱི་འགན་ཁུར་ཡོད།
འཐབ་རྩལ་གྱི་སྦྱོང་བརྡར་བྱེད་རིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་གློ་བུར་དུ་ཐོན་པའི་དོན་རྐྱེན་གྱི་ཁྱད་ཆོས་གསར་པར་དམིགས་ཏེ་སྦྱོང་བརྡར་བྱེད་ཕྱོགས་དང་བྱེད་སྟངས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་སློབ་མའི་འགུལ་སྟངས་ཚད་ལྡན་ཡོང་བར་མཛུབ་སྟོན་ནན་པོ་བྱེད་ཀྱི་ཡོད།
ལོ་མང་རིང་། ཀྲའོ་དབྱང་གིས“རིགས་པའི་གཞུང་ལུགས་སློབ་ཁྲིད་དང་། དངོས་འཐབ་སྦྱོང་བརྡར། ལེགས་སྒྲིག་ཞིབ་འཇུག”བཅས་ཟུང་འབྲེལ་གྱི་གསོ་སྐྱོང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་རང་ཉིད་ཀྱིས་ལོ་བཅུ་ལྷག་ཙམ་རིང་ཕྱོགས་སྡོམ་བྱས་པའི་ཁྲིམས་སྒྱུར་ལས་སྒྲུབ་ཀྱི་ཉམས་མྱོང་དང་། སྦྱོང་བརྡར་གྱི་ཐབས་རྩལ། མང་ཚོགས་ཀྱི་ལས་དོན་སྒྲུབ་སྟངས་བཅས་ཚང་མ་བུམ་པ་གང་བྱོའི་ཚུལ་དུ་བསླབས་པར་རིམ་རྩིས་བརྒྱབ་ན་སློབ་ཚན་ཆུ་ཚོད་1800ལྷག་ཙམ་ཁྲིད་པ་དང་ཉེན་རྟོག་པ་མི་ཐེངས་1200གསོ་སྦྱོང་བྱས་ཡོད།
ཡིན་ནའང་། ཕ་མའི་མདུན་དུ་ཀྲའོ་དབྱང་གིས་གཏམ་བཟང་གླེང་བ་ལས་དཀའ་སྡུག་འཕྲད་པའི་གནས་ཚུལ་ཅི་ཡང་ཤོད་ཀྱི་མེད་པ་རེད། “ང་རང་ཁྱིམ་གྱི་ཕྲུ་གུ་གཅིག་པུ་དེ་ཡིན་པས། ཕ་མ་ན་སྐབས་ཞབས་ཏོག་ཞུ་ཐུབ་ཀྱི་མི་འདུག་ལ། ཁྱིམ་དུ་གནས་ཚུལ་ཛ་དྲག་པོ་དང་དཀའ་ངལ་འཕྲད་སྐབས་སེམས་ཁྲལ་བྱ་རྒྱུ་ལས་མ་འདས”ཞེས་ཀྲའོ་དབྱང་གིས་གསར་འགོད་པར་བཤད་པ་དང་། ཁོང་གིས་ཁྱིམ་མིས་ངའི་ལས་ཀར་བསམ་ཤེས་བྱེད་པ་མ་ཟད་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད། “ཕ་མས‘རྒྱལ་ཁབ་ཀྱི་བརྟན་ལྷིང་མེད་ན། ཁྱིམ་ཚང་གི་ལྷིང་འཇགས་ཡོང་མི་སྲིད། ཁྱོད་ཀྱིས་བོད་དུ་ལས་ཀ་ཡག་པོ་བྱེད་དགོས་ལ་རང་ཉིད་ལ་དེ་བས་བདག་གཅེས་ཡག་པོ་བྱེད་དགོས’ཞེས་རྟག་ཏུ་སློབ་གསོ་རྒྱག་གི་འདུག”ཅེས་བཤད།
ལས་གོས་སྔོན་པོའི“གཟི་བརྗིད”དང“དམ་བཅའ”
སློབ་ཁྲིད་པ་བྱེད་པ་ཕུད། ཀྲའོ་དབྱང་གིས་ཀྱང་རང་ཉིད་ལ་བཏོན་པའི་རེ་བ་ཡང་ལྷོད་གཡེང་དུ་གཏོང་མྱོང་མེད། ཉིན་ལྟར་ཞོགས་པར་ཁོང་གིས་ཆུ་ཚོད་གཅིག་གི་སྔོན་དུ་ལུས་སྦྱོང་ཐང་དུ་ཡོང་ནས་ཚ་ཁ་ལྟ་བ་དང་ལུས་སྦྱོང་བྱེད་པ་དང་། དགོང་མོར་ཁོང་གིས་ཉེན་རྟོག་ལས་སྒྲུབ་ཀྱི་དངོས་འཐབ་གཞུང་ལུགས་གསར་ཤོས་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་ཤེས་རྒྱ་འཕེལ་བར་བྱེད་ཀྱི་ཡོད།
རང་ཉིད་ལ་རེ་བ་ནན་པོ་འདི་ལྟ་བུ་བྱེད་དོན་ཅི་ཡིན་སྐོར་འདྲི་སྐབས། ཀྲའོ་དབྱང་གིས་2024ལོའི་ཟླ་8པར་ཁོང་གིས་བོད་ལྗོངས་སྤྱི་བདེའི་ཚབ་བྱས་ནས་རྒྱལ་ཡོངས་སྤྱི་བདེ་དམིགས་བསལ་ཉེན་རྟོག་པའི་འགྲན་སློང་འགྲན་བསྡུར་གྱི་སྐྱེས་པའི་ཐུང་མདའི་ཚ་ཁ་ལྟ་བའི་རྣམ་གྲངས་ནང་ཐེངས་དང་པོར་ཞུགས་ཏེ་རང་ནུས་ཅི་ཡོད་བཏོན་པར་ཨང་37གྱི་གྲུབ་འབྲས་ཙམ་ལས་ཐོབ་མེད་ཚུལ་དྲན་གསོ་བྱེད་བཞིན་དུ་བཤད།
རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས“ས་མཐོའི་དམིགས་བསལ་ཉེན་རྟོག་པའི”ནུས་པ་དེ་ཙམ་མ་ཡིན་པ་ར་སྤྲོད་པ་དང་། རྒྱལ་ཡོངས་ཀྱིས་བོད་ཀྱི་སྤྱི་བདེའི་དམིགས་བསལ་ཉེན་རྟོག་པའི་ཉམས་འགྱུར་མཐོང་ཐུབ་པ་བྱ་ཆེད། ཀྲའོ་དབྱང་གིས་དཀའ་ངལ་ཁྱད་བསད་ཀྱིས་འགྲན་བསྡུར་གྱི་བརྙན་ཐུང་ལ་ཡང་ཡང་བལྟ་བ་དང་། ཧེ་བག་ལ་དབྱེ་ཞིབ་བྱས་ཏེ་འཆར་གཞི་བཀོད་ནས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ཡོད།
2025ལོའི་ཟླ་7པར་ཁོང་གིས་སྐར་ཆ་57.226གི་གྲུབ་འབྲས་ཐོག་ནས་2025ལོའི་རྒྱལ་ཡོངས་སྤྱི་བདེའི་དམིགས་བསལ་ཉེན་རྟོག་པའི་འགྲན་སློང་འགྲན་བསྡུར་གྱི་ཐུང་མདའི་ཚ་ཁའི་རྣམ་གྲངས་ཀྱི་ཨང་དང་པོ་བླངས་ཏེ། རང་ཉིད་ཀྱིས་དཀའ་སྤྱད་རྔུལ་ཆུ་དང་། སྡུག་བསྲན། མཐའ་འཁྱོངས་བཅས་བྱས་པར་གྲུབ་འབྲས་བཟང་པོ་ཞིག་ཐོབ་ཡོད།
ལོ་དེའི་ཟླ་8པར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་རྒྱལ་ཡོངས་སྤྱི་བདེའི་དམིགས་བསལ་ཉེན་རྟོག་པའི་འགྲན་སློང་འགྲན་བསྡུར་ཁྲོད་ཀྲའོ་དབྱང་གི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་ཆེད། མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་སྤྲད་པ་རེད།
ཀྲའོ་དབྱང་གི་གཏམ་རྒྱུད་ནི་ས་མཐོའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་གྲངས་ལས་འདས་པའི་མཚོན་ཚུལ་ཞིག་རེད། ཁོང་ཚོས་ས་མཐོར་གཞིས་ཚུགས་པ་དང་། དཀའ་ངལ་ལ་མི་སྐྲག་པ། ཐོག་མའི་བསམ་འདུན་མཐའ་འཁྱོངས། ཞི་བདེ་བརྟན་པོར་སྲུང་བ་བཅས་བྱས་ཏེ་རང་ཉིད་ཀྱི་རྔུལ་ཆུ་དང་ཁྲག་དྲོན་ལ་བརྟེན་ནས་གཞོམ་ཞིག་བྲལ་བའི“གསེར་མདོག་ཕུབ”བརྟན་པོ་ཞིག་བསྐྲུན་པ་དེ་ཡིན།
འབྲེལ་ཡོད་གསར་འགྱུར།