དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་2026ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ལས་དོན་ལ་སྐོར་གཟིགས་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-22

     ཟླ་12ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་རུ་སྣེ་ཁྲིད་དེ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་རྒྱུགས་ཚུགས་སུ་ཕེབས་ནས། རང་ལྗོངས་ཀྱི་2026ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ལས་དོན་ལ་སྐོར་གཟིགས་དང་མཛུབ་ཁྲིད་གནང་སྟེ། ས་གནས་ས་ཐོག་ཏུ་རྒྱུགས་རའི་བདེ་འཇགས་ཞིབ་བཤེར་དང་། རྒྱུགས་ཤོག་གསང་སྲུང་། བརྙན་ལམ་ལྟ་སྡོམ། གློག་ཤུགས་འགན་ལེན་སོགས་ཀྱི་ལྷུ་ཚིགས་ལ་ཞིབ་བཤེར་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ལས་དོན་བཀོད་འདོམས་ལྟེ་གནས་ཀྱི་བརྙན་ལམ་བརྒྱུད་རྒྱུགས་ཁུལ་ཁག་ལ་སྐོར་གཟིགས་གནང་བ་དང་། གྲོང་ཁྱེར(ས་ཁུལ)ཁག་གི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་གནས་ཚུལ་གྱི་སྙན་སེང་གསན་པ་རེད།

    ལང་ཧྥུའུ་ཁོན་གྱིས་ནན་བཤད་གནང་དོན། རབ་འབྱམས་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ལས་དོན་དེ་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་པ་གདམ་གསེས་དང་འབྲེལ་བ་ཡོད་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། དེས་ན། རྒྱུགས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱུགས་ཤོག་གི་བདེ་འཇགས་དང་། རྒྱུགས་རའི་དོ་དམ། ཕྱོགས་བསྡུས་འགན་ལེན། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་འཁུར་སེམས་དང་། “དོན་དག་ཚང་མ་དོན་འཁྱོལ་བྱེད་པའི”ལག་བསྟར་ནུས་པ། “མགྱོགས་ལ་ལས་ཕྱོད་ཆེན་པོས་ཐག་གཅོད་བྱེད་པའི”ཤེས་ཚོར་རང་བཞིན་བཅས་ལ་བརྟེན་ནས་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཡིག་རྒྱུགས་བརྟན་ལ་གོ་རིམ་ལྡན་པའི་ངང་གཏོང་ཐུབ་པའི་འགན་ལེན། “ཞིབ་འཇུག་སློབ་མའི་ཡིག་རྒྱུགས་དུས་བདེ་དང་། དྲང་གཞག སྤྲོ་སྣང”བཅས་ཀྱི་སྒོ་ནས་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་རང་ལྗོངས་ཀྱི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ལ་མིང་ཐོ་འགོད་མཁན་སློབ་མ་ཁྱོན་5282ཡོད་པ་དང་། རྒྱུགས་ཁུལ་10དང་རྒྱུགས་ར་183བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།