དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐབས་ལམ་གསར་པ་བཏོད་དེ་ས་མཐོའི་དུད་ཚང་ཁྲི་སྟོང་མང་པོར་ཞབས་འདེགས་ལེགས་པར་ཞུས།

    —— རང་ལྗོངས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱིས་ས་མཐོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-22

    “ཅིང་ཏུང་ལྷ་སའི་མཛོད་ཁང་ནས་ཉོས་པའི་ཚོང་ཟོག་ཉིན་དེ་རང་ངམ་ཡང་ན་ཉིན་གཉིས་པར་ཉིང་ཁྲི་དང་ལྷོ་ཁ་སོགས་སུ་འབྱོར་གྱི་ཡོད། མངའ་རིས་སུའང་སྤྱིར་བཏང་བྱས་ན་ཉིན་གསུམ་བཞི་ཙམ་ལས་འགོར་གྱི་མེད། མྱུར་ཚད་དེ་འདྲ་སྔོན་ཆད་བསམ་པའི་ཡུལ་ལའང་དྲན་མྱོང་མེད”ཅེས་ཅིང་ཏུང་ཟོག་འགྲུལ་ལྷ་ས་རིག་ནུས་མཛོད་ཁང་དུ་ལས་ཀ་བྱས་ནས་ལོ་4སོང་བའི་བློ་བཟང་ཚེ་རིང་གིས་བཤད་པ་དང་། ཁོང་གིས་ས་མཐོའི་ཟོག་འགྲུལ“དལ་མོ”ནས“མྱུར་སྐྱེལ”བར་གྱི་འགྱུར་ལྡོག་ལ་དཔང་པོ་བྱེད་ཐུབ།

    ད་ཆ། ས་གནས་རང་གི་མཛོད་ཁང་གི་མངགས་ཐོའི་70%ཙམ་ཉིན་དེ་རང་ངམ་ཡང་ན་ཉིན་གཉིས་པར་འབྱོར་གྱི་ཡོད། འགྱུར་ལྡོག་དེ་དག་ནི་བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་དྲ་ཚོང་གི་སྤྱི་པའི་ཞབས་ཞུའི་ལྟེ་གནས་བསྐྲུན་པ་དང་། གྲོང་ཁྱེར(ས་ཁུལ)7དང་། རྫོང(ཆུས་དང་གྲོང་ཁྱེར)74 གྲོང་གསེབ་1130བཅས་ལ་ཁྱབ་པའི་དྲ་ཚོང་གི་ཞབས་ཞུའི་དྲ་བ་ཞིག་བསྐྲུན་ནས། གངས་ལྗོངས་ས་མཐོ་འདི་ཉིད་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོ་དང་གཅིག་ཏུ་སྦྲེལ་བ་ལས་བྱུང་བ་ཞིག་རེད།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་ལོར་ཆ་སྙོམས་12%འཕར་ནས་སྒོར་དུང་ཕྱུར་1501.35ཟིན་ཏེ་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོར་གྱུར་ཡོད།

    སྲིད་ཇུས་ཀྱི་ཁྲིད་སྟོན་འོག“བསམ་ཇུས་གཅིག”ཡག་པོ་བཀོད་པ།

    བོད་ཀྱི་ས་མཐོའི་གྲང་ཕྲེང་ཟོག་འགྲུལ་ས་ཚིགས་སུ་སྐྱོད་སྐབས་ཚགས་ཤ་དང་། ཉ། བྱ་དེ་དང་ཡཱ་ཙེ་་སོགས་ཤའི་རིགས་སོ་སོར་ཐུམ་བརྒྱབ་ནས་ཕྱིར་གཏོང་བར་གྲ་སྒྲིག་བྱེད་བཞིན་འདུག “འདི་གར་ལེ་ལག་ཚང་བའི་སྒྲིག་བཀོད་ཡོད་པ་དང་ཞབས་ཞུ་ཡག་པོ་ཡོད་པས་མཉམ་ལས་ཚོང་ཁང་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ང་ཚོ་ཚོང་པའི་འཕེལ་རྒྱས་ཀྱི་གདེང་ཚོད་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད”ཅེས་གྲང་ཕྲེང་ཟོག་འགྲུལ་ས་ཚིགས་ཀྱི་ཚོང་པ་ཐང་ཕིང་གིས་བཤད། ཁོང་གིས་བཤད་པའི་སྐད་ཆ་ལས་མིག་སྔའི་འཕེལ་རྒྱས་ཁོར་ཡུག་ལ་བློ་ཡིད་ཧ་ཅང་ཚིམ་པའང་ངང་གིས་རྟོགས་ཐུབ།

    ལྗོངས་ཡོངས་ཀྱི་གྲང་ཕྲེང་ཁྲོམ་ར་ཆེ་ཤོས་དང་འཐུས་སྒོ་ཚང་ཤོས་ཡིན་པའི་ངོས་ནས། 2021ལོའི་ཟླ་8པར་སྤྱོད་འགོ་ཚུགས་པའི་བོད་ལྗོངས་ས་མཐོའི་གྲང་ཕྲེང་ཟོག་འགྲུལ་ས་ཚིགས་ཀྱིས་ས་མཐོའི་གྲང་ཕྲེང་ཟོག་འགྲུལ་གྱི་ཞན་ཆ་བསལ་བ་མ་ཟད། གྲང་ཕྲེང་ཟོག་འགྲུལ་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་དེ་བས་མཐོ་རུ་བཏང་ནས། ས་མཐོའི་མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”དེ་བས་ཕུན་སུམ་ཚོགས་པོ་ཡོང་བར་བྱས་ཡོད།

    གྲང་ཕྲེང་ཟོག་འགྲུལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེ་ནི་བོད་ཀྱི་སྲིད་ཇུས་ཀྱིས་དེང་རབས་ཞབས་ཞུའི་ལས་རིགས་ལ་མཐུན་རྐྱེན་སྦྱར་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    ཞབས་ཞུའི་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་སྲིད་ཇུས་ཀྱིས་གནད་སྨིན་མཐུན་རྐྱེན་སྦྱར་བ་དང་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་ཁ་འབྲལ་ཐབས་མེད། རང་སྐྱོང་ལྗོངས་ཀྱིས་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ་འཐབ་ཇུས་ཀྱི་སྤྱི་ཡོངས་ནང་བཅུག་ནས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད》བཟོས་ནས་ལག་བསྟར་བྱས་པ་དང་ལྟེ་བའི་དམིགས་ཚད་8དང་། གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་11 རྨང་གཞིའི་འདུ་འགོད་6བཅས་ཁ་གསལ་བཏོན་ནས་ཐོན་ལས་འཕེལ་རྒྱས་ལ“ལམ་རིས”གསལ་པོ་བཟོས་ཡོད། འཆར་འགོད་དོན་འཁྱོལ་ལ་དམིགས་ཏེ་རང་ལྗོངས་ཀྱིས་སྔ་རྗེས་སུ་ཁེ་ལས་ལ་དཀའ་ངལ་སེལ་རོགས་དང་། འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། མཚན་མོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཞིང་འབྲོག་ཁུལ་གྱི་ཟོག་འགྲུལ་མ་ལག་འཛུགས་སྐྱོང་སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་40ལྷག་ཙམ་བཏོན་ནས“སྤྱིའི་འཆར་འགོད་དང་། ཆེད་དོན་སྲིད་ཇུས། ལག་བསྟར་ཇུས་གཞི་བཅས་ཟུང་དུ་འབྲེལ་བའི”སྲིད་ཇུས་ཀྱི་གདུབ་ཟུམ་ཞིག་ཆགས་པར་བྱས་ཏེ་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་མཱ་ཁྲེང་ཆི་ཡིས་གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཆེད་དོན་ཚོགས་ཆུང་གིས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་ལ་དམིགས་ཏེ་འགྲིམ་འགྲུལ་ཟོག་འགྲུལ་དང་། ལས་གྲྭའི་བློ་འདྲི། དངུལ་རྩའི་འགན་བཅོལ་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས། བོད་ཀྱི་དམིགས་བསལ་མི་ཆོས་རིག་གནས་ཀྱི་རང་བྱུང་མཛེས་ལྗོངས་དང་ཟུང་འབྲེལ་གྱིས་རིག་གནས་ཡུལ་སྐོར་དང་། ལུས་རྩལ་ལུས་གསོ། ཚོང་དོན་ཞབས་ཞུ་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ཁྲོམ་རའི་ལྟ་འདོམས་ཚད་ལྡན་དུ་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

    ཞབས་ཞུ་རིམ་སྤོར་གྱིས་གྲོང་ཁྱེར་གྱི“སྐྱིད་ཉམས”སྲུང་སྐྱོང་བྱེད་པ།

    ལྷ་ས་གྲོང་ཁྱེར་རིག་གནས་གསར་གཏོད་གླིང་ཚེ་མཆོག་གླིང་ཁྲོམ་གཞུང་སེམས་མཐུན་གླིང་སྡེ་ཁུལ་གྱི་གྲོང་མི་ལྷག་བསམ་གྱིས་ད་ཆ་ཕྱིར་འཆམ་འཆམ་ལ་འགྲོ་ཞོར་སྡེ་ཁུལ་གྱི་སྒོ་རྩིས་ཚོང་ཁང་ནས་སྔོ་ཚལ་སོས་པ་ཉོ་ཐུབ་པས་སྔོན་ཆད་ལྟར་སྤྱི་ལེ་ཁ་ཤས་སར་སྐྱོད་དགོས་མེད། འཚོ་བའི་མཁོ་ཆས་གཞན་དག་ཀྱང་ཉེ་འཁོར་ནས་ཆ་ཚང་ཉོ་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།

    སྔོ་ཚལ་ཉོ་སྐབས“ཐག་རིང་ལ་སྐྱོད་དགོས་པ”ནས“སྒོ་འགྲམ་ནས་ཉོ་ཐུབ་པའི”བར་འགྱུར་ལྡོག་ཕྱིན་པ་ནི་དམངས་ཕན་ཞབས་ཞུའི་དྲ་བ་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་ལས་བྱུང་བ་ཞིག་རེད། མིག་སྔར་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ཆབ་མདོ། ལྷོ་ཁ་བཅས་གྲོང་ཁྱེར་5རྒྱལ་ཡོངས་ཀྱི“སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཁུལ”གྱི་ཚོད་ལྟའི་ཁོངས་སུ་བཅུག་ནས་སྔོན་དཔག་ལྟར་ན་ཚོང་ལས་དྲ་ཚུགས་5415དང་སྡེ་ཁུལ་གྱི་ཚོང་ལས་ལྟེ་གནས་22ལ་ཁྱབ་པ་དང་དམངས་ཕན་འཚོ་བའི་ཁུལ་རིམ་བཞིན་བསྐྲུན་ཏེ་ས་མཐོའི་མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་དང་དེ་བས་སྐྱིད་སྣང་དོད་པར་བྱས་ཡོད།

    དམངས་འཚོའི་ཞབས་འདེགས་ཀྱི་རིམ་པ་སྤོར་བ་དེ་རྒྱུན་གཏན་གྱི་འཛད་སྤྱོད་ཁྱབ་ཁོངས་ནས་མངོན་པ་མ་ཟད། རྒན་གསོ་སྨན་བཅོས་སོགས་མང་ཚོགས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་པའི་འགག་རྩའི་ཁྱབ་ཁོངས་སུ་དེ་བས་སྣུར་སྲིང་བྱས་ཡོད།

    ད་ཆ་བོད་ཀྱི་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་གི་རྒན་རྒོན་ཚན་ཁག་ཁྱོན་ཡོངས་སུ་ཁྱབ་པ་དང་། སྡེ་ཁུལ་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་65དང་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་156གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ། གཞུང་གཉེར་རྒན་གསོའི་སྒྲིག་གཞིས་སྤྱི་ཚོགས་ཡོངས་ལ་ཉལ་ཁྲི་ལྷག་མ་མཁོ་འདོན་བྱས་ནས་རིམ་རྩིས་བརྒྱབ་ན་རྒན་རྒོན་མི་ཐེངས་ཁྲི་130ལྷག་ཙམ་ལ་བདེ་ཐང་མཛུབ་ཁྲིད་དང་རིག་གནས་རོལ་རྩེད་སོགས་ཀྱི་ཞབས་འདེགས་ཞུས་པ་སོགས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་རེ་རེ་ཡིས་ས་མཐོའི་རྒན་རྒོན་གྱི་འཚོ་བར་སྤུས་ཚད་དང་དྲོད་ཚད་དེ་བས་ལྡན་པར་བྱས་ཡོད།

    ཞབས་འདེགས་ལེགས་སུ་གཏོང་བའི་ཁྲོད་གྲངས་འཛིན་དཔལ་འབྱོར་གྱི་སྟོབས་ཤུགས་ས་མཐོའི་ས་གཞི་ཆེན་པོར་གང་མགྱོགས་ཐོན་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་འཇིབས་སྐྱོབ་གྲོང་ཚོའི་ཐད་གཏོང་རྟེན་གཞིའི་ནང་ཡུལ་མི་མིག་དམར་མཚམས་གཅོད་ཀྱིས་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ནས་དྲ་གྲོགས་ཚོར་ནས་དང་། རྒྱ་བྲ། སྣམ་བུ་སོགས་ས་གནས་དེ་གའི་ཁྱད་ལྡན་ཐོན་ཟོག་ངོ་སྤྲོད་བྱེད་བཞིན་འདུག “ཚོང་ཟོག་མང་པོ་ཞིག་བཏོན་མ་ཐག་ལམ་སེང་བྲིན་གྱི་འདུག ད་ཆ་ཡུལ་གཞན་གྱི་སྐུ་མགྲོན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ང་ཚོའི་ཚོང་ལམ་ཡང་ཇེ་ཡངས་སུ་འགྲོ་གི་འདུག”ཅེས་མིག་དམར་མཚམས་གཅོད་ཀྱིས་དགའ་ཚོར་ཆེན་པོས་བཤད།

    2024ལོར་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་5Gསྦྲེལ་ཚུགས་22136བསྐྲུན་པ་དང་། སྲིད་འཛིན་གྲོང་ཚོ་བཅུ་ཆ་དགུ་ཙམ་ལ་5Gདྲ་རྒྱ་ཁྱབ་པ། སྒུལ་བདེའི་མཉམ་སྦྲེལ་དྲ་རྒྱ་འབྲེལ་མཐུད་བྱེད་ཚད་2020ལོ་ལས་115.6%འཕར་བ། བོད་ཀྱི་གྲངས་འཛིན་དཔལ་འབྱོར་ཁེ་ལས་4275ཡོད་པ། འཕར་ཐང་སྒོར་དུང་ཕྱུར་196ཟིན་ཡོད་པ་རེད། གྲངས་འཛིན་གྱི་རྦ་རླབས་ཤིག་གངས་ལྗོངས་ས་མཐོར་འཕྱུར་བ་ལས་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་གསོན་ཤུགས་གསར་རྐྱང་བསྣན་ཡོད།

    ཤེས་ལྡན་པ་གསོ་སྐྱོང་གིས་གསོན་ཤུགས་མངོན་པར་བྱེད་པ།

    ཤེས་ལྡན་པ་ནི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལྟེ་བའི་སྒུལ་ཤུགས་ཡིན་ལ། གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐོན་ཁུངས་ཨང་དང་པོའང་ཡིན། བོད་ཀྱིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དེ་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་གནས་བབ་གལ་ཆེན་ལ་བཞག་པ་དང་། “མངགས་ཐོ་རྣམ་པའི”གསོ་སྦྱོང་དང་། རྩལ་ནུས་འགྲན་བསྡུར་ཆེན་པོ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ལག་རྩལ་ཤེས་པ་དང་གཉེར་སྐྱོང་མཁས་པའི་ཆེད་ལས་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད། 2024ལོར་ལྗོངས་ཡོངས་སུ་རྩལ་ནུས་ཤེས་ལྡན་པ་ཁྲི་2.8གསར་འཕར་བྱུང་བ་དང་ཤེས་ལྡན་པ་རྒྱུན་ཆད་མེད་པར་མང་དུ་སོང་བ་དེས་དེང་རབས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།

    ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་ཕུད། བོད་ཀྱིས་ཐོན་ལས་ཀྱི་ལས་སྟེགས་འཛུགས་པར་དེ་བས་མཐོང་ཆེན་བྱས་ཏེ་སྤུས་ལེགས་ཁོར་ཡུག་ལ་བརྟེན་ནས་ཁེ་ལས་གཞིས་ཆགས་པའི་ཡིད་དབང་བཀུག་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་ལྗོངས་ཀྱིས་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་12.06བརྩོན་ལེན་བྱས་ཏེ་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་ལྷོ་ཁའི་ཐོན་གྲོང་གཞི་གཅིག་དཔེ་སྟོན་གླིང་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་24འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། གླིང་ཁུལ་གྱི་འགྲོ་ལམ་དང་། ཆུ། གློག དྲ་རྒྱ་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ་གླིང་ཁུལ་གྱི་ཐེག་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    ལྷ་སའི་མཐོ་གསར་ཁུལ་གྱིས་ཚོང་འགུག་མ་འདྲེན་ཤུགས་ཆེན་བྱས་ནས་ཉིང་སོན་ཚན་རྩལ་དང་། ཀའོ་ཁྲི། ཀྲུང་གོ་སྒུལ་བདེ་སོགས་གྲངས་འཛིན་དཔལ་འབྱོར་གྱི་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་པ་ལས་ཐོན་ལས་རུབ་འདུས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། མིག་སྔར། གླིང་ཁུལ་དུ་རིམ་རྩིས་བརྒྱབ་ན་ཁེ་ལས་2825ཐོ་འགོད་བྱས་པ་དང་། 2024ལོར་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་70.81ཟིན་ནས་ས་མཐོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི“མཐོ་སར”གྱུར་ཡོད།

    གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་དུ་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཚོང་འགུག་མ་འདྲེན་རྣམ་གྲངས་494ཡོད་པ་དང་། ལག་འབྱོར་མ་དངུལ་སྒོར་དུང་ཕྱུར་215.39ཟིན་པ། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་67.58ཟིན་པ་བཅས་ཐོན་ལས་ཀྱི་ཡིད་དབང་འཕྲོག་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ་དང་འཕེལ་ངོ་སྔར་བས་བཟང་དུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།