བདེ་འཇགས་དང་། སྐྱིད་སྣང་དོད་པ། ལྗང་མདོག རིག་ལྡན་བཅས་ཀྱི་ཁང་བཟང་ཇི་ལྟར་སྐྲུན་དགོས་སམ།
ཀློག་པ་པོའི་དོ་ཁུར།
ངའི་སྡོད་ཁང་དུས་རབས་གོང་མའི་ལོ་རབས་80པར་བརྒྱབ་པ་ཞིག་རེད། ཉེ་ལམ་གསར་འགྱུར་བརྒྱུད། རྒྱལ་ཁབ་ཀྱིས་ཁང་བཟང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་གི་ཡོད་པ་ཧ་གོ་བྱུང་བས། ཞིབ་ཕྲའི་སྲིད་ཇུས་གང་དག་ཡོད་མེད་ཤེས་འདོད་འདུག བྱས་ན། སྡོད་ཁང་རྙིང་པའང་ཁང་བཟང་དུ་སྒྱུར་བཀོད་བྱེད་ཐུབ་བམ།
ཁང་བཟང་ནང་དུ་སྡོད་ཐུབ་པ་དང་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་པ་ནི་མི་སེར་གྱི་བབ་ཆགས་ཤོས་ཀྱི་རེ་སྒུག་ཅིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང་། བདེ་འཇགས་དང་། སྐྱིད་སྣང་དོད་པ། ལྗང་མདོག རིག་ལྡན་བཅས་ཀྱི་ཁང་བཟང་བསྐྲུན་ནས། སྡོད་ཁང་གི་སྤུས་ཚད་རིམ་སྤོར་ལས་གྲྭ་དང་སྡེ་ལས་ཀྱི་ཞབས་ཞུའི་སྤུས་ཚད་ལེགས་གཏོང་བྱ་སྤྱོད་ལག་བསྟར་བྱེད་དགོས་ཞེས་བཏོན་ཡོད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ཁང་བཟང་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།
བདེ་འཇགས་དང་། སྐྱིད་སྣང་དོད་པ། ལྗང་མདོག རིག་ལྡན་བཅས་ཀྱི་ཁང་བཟང་སྐྲུན་པའི་འབད་འཐབ་དམིགས་ཚད་ཡོད་མོད། འོ་ན། ཇི་ལྟར་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་སྡོད་ཁང་ལེགས་བཅོས་ཀྱི་དགོས་མཁོ་དེ་བས་ལེགས་ལ་སྣ་མང་ཅན་གྱི་སྒོ་ནས་སྐོང་དགོས་སམ་ཞེ་ན། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྡོད་ཁང་གི་ཚད་གཞི་དང་། ཇུས་འགོད། འཛུགས་སྐྲུན། འཛུགས་སྐྲུན་རྒྱུ་ཆ། ཞབས་ཞུའི་ཆུ་ཚད་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་རིམ་པ་སྤར་ནས། མང་ཚོགས་བློ་ཡིད་ཚིམ་པའི་ཁང་བཟང་སྐྲུན་པར་འདེཌ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད།
སྲིད་ཇུས་ཀྱི་བྱ་ཐབས་བཏོན་ཞིང་། ད་ལོའི་ཟླ་5ཚེས་1ཉིན་ནས་བཟུང་། 《སྡོད་ཁང་གི་རྣམ་གྲངས་ཚད་ལྡན》
ལག་བསྟར་བྱས་ཏེ། སྡོད་ཁང་གི་ཐོག་སོའི་མཐོ་ཚད་དང་། འཛེར་སྒྲ་འགོག་ནུས། ཉི་འོད་ཕོག་ཚད། ཁང་ཕྱིའི་དྲོད་སྲུང་སྒྲིག་ཆས་ཀྱི་གོ་ཆོད་ལོ་ཚད། གློག་སྐས་ཡོད་མེད། ཐོགས་མེད་དང་རྒན་རྒོན་ལ་འཕྲོད་མིན་སོགས་ཀྱི་ཚད་གཞིའི་བླང་བྱ་མཐོ་རུ་བཏང་ནས། སྡོད་ཁང་གི་སྤུས་ཚད་ལེགས་སུ་གཏོང་བར་ཁྲིད་སྟོན་བྱས་ཡོད། དཔེར་ན། ཁང་པ་གསར་པའི་མཐོ་ཚད་སྨི་2.8ནས་སྨི་3ཡན་དུ་མཐོ་རུ་བཏང་བ་དང་། ཐོག་པང་གི་འཛེར་སྒྲ་འགོག་ནུས་ཀྱི་སྟོན་རྟགས་ཧྥུན་པེ་75ལས་བརྒལ་མི་རུང་བ་ནས་ཧྥུན་པེ་65ལས་བརྒལ་མི་ཆོག་པའི་བར་འགྱུར་ལྡོག་བཏང་ཡོད་པ་རེད།
འཛུགས་སྐྲུན་དང་ཞབས་ཞུའི་སྤུས་ཚད་ལེཌ་སུ་བཏང་ཞིང་། རང་རྒྱལ་གྱིས་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་བྱེད་སྟངས་འཕེལ་རྒྱས་བརྟན་པོ་བཏང་ནས། རིག་ནུས་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་སྤེལ་བ་དང་། སྲིད་གཞུང་གིས་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་ཉོ་བར་རྒྱབ་སྐྱོར་བྱས་ནས་འཛུགས་སྐྲུན་སྤུས་ཚད་ལེགས་སུ་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་བ། འཛུགས་སྐྲུན་བྱེད་སྟངས་གསར་པ་ཁྱབ་གདལ་ཧུར་ཐག་བཏང་ནས། སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་ལ་འགན་ལེན་གང་ལེགས་བྱེད་བཞིན་ཡོད། གཞན་ཡང་། འཐུས་སྒོ་ཚང་བའི་སྡེ་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་སྤེལ་ནས་འཁོར་རིགས་འཇོག་སར་གློག་གསོག་ས་ཡོད་པ་དང་སོས་དལ་ལུས་སྦྱོང་ཁང་ཡོད་པ་སོགས་བྱས་ཏེ། ཞབས་ཞུའི་སྒྲིག་བཀོད་ཁ་ཐང་བའི་ཞན་ཆ་བསལ་བ་རེད། སྡེ་ལས་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བའི་བྱ་སྤྱོད་སྤེལ་ནས། ས་གནས་ཁག་གིས་སྡེ་ལས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་བཟོ་བར་ཁྲིད་སྟོན་བྱས་ཐོག ཁུལ་ཆུང་གི་ཁོར་ཡུག་འཕྲོད་བསྟེན་དང་སྤྱི་པའི་སྒྲིག་བཀོད་དང་སྒྲིག་ཆས་བཀོལ་སྤྱོད་དང་བདག་གཅེས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ་རེད།
ཡུལ་བབ་དང་བསྟུན་དགོས་པའི་ལྕག་སྐུལ་བྱས་ཤིང་། ཁང་བཟང་སྐྲུན་རིང་སྡེབ་ཟིང་ཆེན་པོ་རྒྱག་པ་དང་རྒྱུག་པ་ལེབ་རྡུང་མི་བྱེད་པར། ས་ཆ་མི་འདྲ་བ་དང་། རིན་གོང་མི་འདྲ་བ། རྒྱ་ཁྱོན་མི་འདྲ་བར་ཡང་ཁང་བཟང་མི་འདྲ་བ་རེ་ཡོད་དགོས། མིག་སྔར་ས་གནས་ཁག་གིས་རིགས་དབྱེའི་ངང་ཡུལ་བབ་དང་བསྟུན་ནས་ཁང་བཟང་སྐྲུན་ཐབས་འཚོལ་ཞིབ་དང་ལག་ལེན་བསྟར་བཞིན་ཡོད། དེའི་ནང་ཧྥུའུ་ཅན་ཞིང་ཆེན་གྱིས་ཧྥུའུ་ཀྲོའུ་གྲོང་ཁྱེར་དང་ཞ་མོན་གྲོང་ཁྱེར་སོགས་སུ་ལེ་ལག་ཚང་བའི་སྲིད་ཇུས་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས། འགན་ལེན་རང་བཞིན་གྱི་སྡོད་ཁང་རྣམ་གྲངས་ཁ་ཤས་བདམས་ཏེ་ཁང་བཟང་འཛུགས་སྐྲུན་གྱི་ཚོད་ལྟར་བརྩིས་པ་དང་། པེ་ཅིང་གྲོང་ཁྱེར་གྱིས་སྔར་ཡོད་ཀྱི་སྡོད་ཁང་བཤིག་ཤུལ་དུ་ཁང་རྙིང་ཁང་བཟང་དུ་སྒྱུར་བཀོད་བྱས་པ་སྟེ། དཔེར་ན། ཧྭའོ་ཕི་བཟོ་གྲྭའི་ཐོག་ཁང་ཨང་བརྒྱད་པའི་ཁང་པ་རྙིང་པ་བསྐྱར་སྐྲུན་སོགས་ཀྱི་རྣམ་གྲངས་ལ་མཚོན་ན། དཔེ་དུམ་ཅན་གྱི་ཨར་འདམ་རང་གྲུབ་མའི་འཛུགས་སྐྲུན་ལག་རྩལ་སྤྱད་པར། དུས་ཡུན་ཟླ་བ་གསུམ་ནང་སྡོད་ཁང་རྙིང་པའི་རྣམ་པ་གསར་རྐྱང་དུ་གྱུར་ནས་སྡོད་གནས་ཆ་རྐྱེན་ལེགས་སུ་སོང་ཡོད།
སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཚད་ལྡན་བཅད་གྲངས་སིའི་འབྲེལ་ཡོད་འགན་འཁུར་བས། “གོམ་སྟབས་རྗེས་མར། སྲིད་གཞུང་གིས་སྣེ་ཁྲིད་དེ་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁང་བཟང་དུ་བསྐྲུན་ནས། ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་སྣ་མང་ཅན་གྱི་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཁང་བཟང་གི་མ་དཔེ་ཁག་གཅིག་བསྐྲུན་པ་དང་འབྲེལ། གྲོང་ཁྱེར་གསར་བརྗེ་དང་ཟུང་འབྲེལ་བྱས་ཐོག བྱ་ཐབས་སྣ་མང་སྤྱད་དེས་ཁང་རྙིང་དག་ཁང་བཟང་དུ་སྒྱུར་བཀོད་བྱེད་པར་ཁྲིད་སྟོན་བྱ་རྒྱུ་རེད། དེ་དང་དུས་མཚུངས། འཛེར་སྒྲ་འགོག་ནུས་ཡག་པོ་མེད་པ་དང་། ཐིགས་པ་རྒྱག་པ། གས་པ། དྲི་ངན་ཁ་བ་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ནས། འཛུགས་སྐྲུན་བྱེད་སྟངས་གསར་པ་ཁྱབ་གདལ་ཤུགས་ཆེན་གཏོང་གི་ཡིན”ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།