གྲོང་ཚོ་གཅིག་ལ་ཧྥ་ལན་རྡུང་བཟོའི་ཁེ་ལས་58གཅིག་སྡུད་ཐུབ་དོན་ཅི་ཡིན་ནམ།
རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཀྱི་བྱེད་ནུས་སྣ་ཚོགས་གསར་སྤེལ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཞིང་ལས་མཉམ་འབྲེལ་དང་ཞིང་པར་སྐུལ་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞིང་པར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
——“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོ་ནས་བཏུས།
ཟླ་12ཚེས་10ཉིན་གྱི་དགོང་མོའི་ཆུ་ཚོད་8པར། ཧྲན་ཤིས་ཞིང་ཆེན་ཤིན་ཀྲོའུ་གྲོང་ཁྱེར་ཏིང་ཤང་རྫོང་ཧྲེན་ཧྲན་ཤང་ཚུའེ་ཅ་ཀྲོང་གྲོང་ཚོའི་བཟོ་ལས་ཁུལ་ནས་ཧྥ་ལན་གྱི་རྒྱུ་ལྕགས་བརྡུངས་མ་བྱུར་བུར་བླུགས་པའི་ལྗིད་ཐེག་རླངས་འཁོར་དལ་གྱིས་ཐོན། ཚུའེ་ཅ་ཀྲོང་གྲོང་ཚོའི་ཡུལ་མི་ཧྲན་ཤིས་ཧྥུའུ་ཤིན་ཐུང་རྒྱུ་ལྕགས་བརྡུངས་མ་ཚད་ཡོད་ཀུང་སིའི་སྒྲིག་ཆས་པུའི་པུའུ་ཀྲང་ཀའོ་ཡུང་གིས“ཐོན་རྫས་མངགས་ཉོ་བྱེད་མཁན་སང་ལོའི་ཟླ་དང་པོ་བར་བྱུང་ཡོད”ཅེས་བཤད།
“བཟོ་གྲྭར་ལས་ཀ་བྱས་ན་ཟླ་རེར་ཡོང་འབབ་སྒོར་8000ལྷག་ཙམ་འདུག་ལ། ངའི་བཟའ་ཟླ་གྲོང་ཚོའི་ངལ་རྩོལ་བདེ་སྲུང་ལག་ཤུབས་བཟོ་གྲྭའི་ནང་ཉིན་གླ་རྒྱུག་པར་ཡང་ཡོང་འབབ་གང་ལ་གང་འཚམ་འདུག བུ་སློབ་ཆེན་ཐོན་རྗེས་ང་དང་མཉམ་དུ་ཀུང་སི་གཅིག་གི་ནང་ལས་ཀ་བྱེད་པ་དང་ད་ལྟ་གྲོང་ཁྱེར་ནས་ཁང་པ་ཉོས་ཏེ་ཁྱིམ་ཚང་ཟིན་ཚར་སོང”ཞེས་ཁྱིམ་གྱི་སྐོར་གླེང་སྐབས་ལོ་55ལ་སླེབས་པའི་ཀའོ་ཡུང་གི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།
ཚུའེ་ཅ་ཀྲོང་གྲོང་ཚོར་ཀའོ་ཡུང་ལྟ་བུའི་ཁྱིམ་ཚང་མི་ཉུང་བ་ཞིག་ཡོད་ཅིང་། གྲོང་ཚོའི་ངལ་རྩོལ་ནུས་ཤུགས་བཅུ་ཆ་དགུ་ཡན་ཧྥ་ལན་རྡུང་བཟོ་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་སུ་ལས་ཀར་ཞུགས་ཡོད།
ཧྥ་ལན་ཁེ་ལས་ཚུའེ་ཅ་ཀྲོང་གྲོང་ཚོར་གཅིག་སྡུད་ཐུབ་དོན་ཅི་ཡིན་ནམ།
“ལྕགས་རྡུང་བ”ནི་ཏིང་ཤང་བའི་སྲོལ་རྒྱུན་ལག་རྩལ་ཞིག་རེད། དེ་ཧན་རྒྱལ་རབས་བར་དུ་ཁུངས་འདེད་ཆོག“ཏིང་ཤང་དུ་རྡོ་སོལ་གཏེར་ཁ་མེད་པས་ཐོན་ཁུངས་ལ་བརྟེན་ནས་ལྟོ་གོས་འཕྱིད་ཐབས་བྲལ་མོད། འོན་ཀྱང་ཏིང་ཤང་བ་ནི་དཀའ་སྡུག་མྱོང་ཕོད་མཁན་ཞིག་ཡིན་ཞིང་། ཁོང་ཚོས་ལྕགས་རྡུང་བའི་ལག་རྩལ་ལ་བརྟེན་ནས་དམངས་ཕྱུག་ཐོན་ལས་ཤིག་བཏོད་ཡོད”ཅེས་དང་དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་ཏིང་ཤང་གིས་སྲོལ་རྒྱུན་རྡུང་བཟོའི་སྒྲིག་ཆས་ནང་འདྲེན་བྱས་ནས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཧྥ་ལན་རྡུང་བཟོའི་ཐོན་ལས་ཤིག་རིམ་བཞིན་ཆགས་ཡོད་ཅེས་ཏིང་ཤང་རྫོང་བཟོ་འཕྲིན་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་དབྱང་ཞའོ་ཀོང་གིས་ངོ་སྤྲོད་བྱས།
བཟོ་གྲྭ་ཡོངས་ཀྱི་སྒྲིག་ཆས་400ལྷག་ཙམ་ལ་དོ་དམ་བྱེད་མཁན་ཀའོ་ཡུང་ནི་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་བྱུང་རིམ་དངོས་སུ་བརྒྱུད་མྱོང་མཁན་ཞིག་རེད། “དེ་སྔོན་སྒྲིག་ཆས་ལ་ཞིབ་བཤེར་ཉམས་བཟོ་བྱེད་སྐབས་ལག་གཉིས་ལ་བརྟེན་ནས་ཐོ་འགོད་བྱེད་ཀྱི་ཡོད། ལོ་གཉིས་ཀྱི་གོང་དུ་གྲངས་འཛིན་དོ་དམ་མ་ལག་ནང་འདྲེན་བྱས་པ་བརྒྱུད་དུས་ཚོད་དང་ནུས་ཤུགས་གཉིས་ཀ་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་ཁོང་གིས་བཤད།
“སློབ་ཆེན་དུ་གྲངས་འཛིན་ལག་རྩལ་སྦྱངས་པ་ཡིན། སྐབས་དེ་དུས་ནས་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ལས་ཀ་འཚོལ་རྩིས་ཡོད” ཀའོ་ཡུང་གི་བུ་ཀའོ་ཀྲེ་བཟོ་གྲྭའི་བཟོ་པ་དཀྱུས་མ་ཞིག་ནས་ད་ཆ་ཚ་དྲོད་ལས་སྣོན་འཁོར་ཁང་གི་ཀྲུའུ་རེན་གཞོན་པར་གྱུར་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི་བཅུ་གྲངས་ཟིན་གྱི་ཡོད།
ལག་རྩལ་གསར་གཏོད་དང་སྒྲིག་ཆས་རིམ་སྤོར་བྱས་པ་བརྒྱུད། ཀའོ་ཡུང་ཕ་བུ་གཉིས་ཡོད་སའི་ཧྥུའུ་ཤིན་ཐུང་ཀུང་སིའི་ལས་སྒོ་དེ་རླུང་གློག་ཧྥ་ལན་ནས་རྡུང་བཟོའི་ལྷུ་ལག་སྣ་ཚོགས་ཐོན་སྐྱེད་བར་འཕེལ་རྒྱས་བྱུང་བ་དང་། ལོ་རེའི་ཐོན་རྫས་རིན་ཐང་དེ་ཐོག་མར་འཛུགས་སྐབས་ཀྱི་སྒོར་ཁྲི་5000ཡང་མ་ཟིན་པ་ནས་སྒོར་དུང་ཕྱུར་8བར་འཕར་ཞིང་། མིག་སྔར་ཀུང་སིས་འཁོར་ཁང་རྒྱ་སྐྱེད་གཏོང་བཞིན་ཡོད།“ལོ་གསར་རྗེས་སུ་འཁོར་ཁང་གསར་པ་བེད་སྤྱོད་བྱས་ན་ཡུལ་མི་དེ་བས་མང་པོ་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཡུང་ཏུང་གིས་ངོ་སྤྲོད་བྱས།
གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད། ཚུའེ་ཅ་ཀྲོང་གྲོང་ཚོས་ཁེ་ལས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་ངལ་རྩོལ་བདེ་སྲུང་ལག་ཤུབས་ལས་སྣོན་འཁོར་ཁང་བཙུགས་ཏེ། དབུལ་སྒྲོལ་དུད་ཚང་སོགས་ཀྱི་མི་སྣ་ལས་ཀར་བསྡུས་པ་མ་ཟད། ད་དུང་བཟོ་ལས་གླིང་གི་ཁེ་ལས་ཀྱི་བོགས་དངུལ་དང་བརྡ་ཁྱབ་བྱེད་གནས་ཚོང་འགུག་སོགས་ལ་ཡོང་འབབ་མི་ཉུང་བ་ཞིག་བྱུང་ཡོད།
གྲོང་རྣམ་མཛེས་པ་དང་ཐོན་ལས་དར་རྒྱས་ཕྱིན་པས་ཕ་ཡུལ་དུ་ལོག་མཁན་གཞོན་ནུའང་ཇེ་མང་དུ་སོང་ཞིང་། ན་ནིང་གྲོང་ཚོར་ལོག་པའི་ལོ་27ལ་སླེབས་པའི་ཡན་ཆི་དབྱང་གིས“ལོ་འདི་དག་རིང་གྲོང་ཚོ་འཕེལ་རྒྱས་ཆེན་པོ་ཕྱིན་འདུག ཏིང་ཤང་ཧྥ་ལན་གྱི་སྐོར་གླེང་སྐབས་མི་མང་པོས་ཤེས་ཀྱི་འདུག”ཅེས་བཤད།
ཏིང་ཤང་གི་ཧྥ་ལན་རྡུང་བཟོའི་ཐོན་ལས་ཟམ་མི་ཆད་པར་རིམ་སྤོར་བྱུང་ཞིང་། 2024ལོར་རྒྱལ་ཁབ་རིམ་པའི་ཁེ་ལས་འབྲིང་ཆུང་གི་ཁྱད་ལྡན་ཐོན་ལས་གཅིག་སྡུད་ནང་ཚུད་ཡོད། རྫོང་དེའི་ཧྥ་ལན་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་སྤྱིའི་ཐོན་འབོར་གྱི་48%ཙམ་བཟུང་བ་དང་། 2025ལོར་སླེབས་སྐབས་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་200ལས་བརྒལ་རྒྱུ་ཡིན་པ་རེད།
“‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་ང་ཚོས་ཧྥ་ལན་རྡུང་བཟོའི་ཐོན་ལས་སྟོབས་ཆེར་བཏང་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་འཕར་རྒྱུར་འདེགས་སྐྱོར་དང་། ལས་ཞུགས་ལ་སྐུལ་ཁྲིད། འབབ་འཕར་ལ་སྐུལ་སྤེལ་བཅས་གཏོང་རྒྱུ་ཡིན”ཞེས་དབྱང་ཞའོ་ཀོང་གིས་བཤད།
འབྲེལ་ཡོད་གསར་འགྱུར།