འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་གྱིས་2025ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་9ཟིན་པ།
གསར་འགོད་པར་རྒྱལ་ཁབ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་12ཚེས་18ཉིན་བར། འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་གྱིས་2025ལོར་རིམ་རྩིས་བརྒྱབ་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་9ཟིན་ནས་ན་ནིང་ལས་འགྲུལ་པ་མི་ཐེངས་ཁྲི་3800ཡིས་མང་བ་དང་འཕར་ཚད་4%ལྷག་ཙམ་ཟིན་ཏེ། 2017ལོ་དང་། 2019ལོ། 2023ལོ་བཅས་ལ་མི་ཐེངས་དུང་ཕྱུར་6དང་། དུང་ཕྱུར་7 དུང་ཕྱུར་8བཅས་སོ་སོར་ཟིན་ནས་ལོ་འཁོར་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
ཁྲོམ་རའི་དགོས་མཁོར་དམ་པོར་དམིགས་ནས་སྐྱེལ་འདྲེན་བྱས་ཤིང་། མིག་སྔར་འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་གྱིས་2025ལོའི་དུས་ཚིགས་བཞི་པའི་མེ་འཁོར་འཁོར་སྐྱོད་འཆར་གཞི་ལག་ལེན་བསྟར་རྗེས། འགྲུལ་སྐྱེལ་མེ་འཁོར་གཏོང་ཚད་ཆ་1407.5ཟིན་པ་དང་། ཆེད་གཏོང་དང་བོགས་གཏོང་མེ་འཁོར་གཏོང་བའི་དགོས་མཁོར་གཞིགས་ནས། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར། རིམ་རྩིས་བརྒྱབ་ན་སྤོ་ལོའི་སྤྱན་སྦིར་དང་གླུ་དབྱངས་འཁྲབ་སྟོན་སོགས་ཀྱི་ཆེད་གཏོང་དང་བོགས་གཏོང་མེ་འཁོར་96ཟིན་ཡོད། ས་ཁོངས་འགྲུལ་རྒྱུན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། སྟོན་དུས་ཡུལ་སྐོར་དང་གསར་བརྗེའི་ཡུལ་སྐོར་མེ་འཁོར་སྒྲིག་འཛུགས་བྱས་ནས་བཏང་ཡོད།
དམངས་ཕན་ལ་སྐུལ་འདེད་གཏོང་ཆེད་མེ་འཁོར་གྱི་སྤ་སེའི་རིན་གོང་བཅག་ཅིང་། ཟླ་11ཚེས་1ཉིན་ནས་བཟུང་། རྒྱལ་ཁབ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པས་ཤུགས་འགྲེམས་མེ་འཁོར་581གི་སྤ་སེའི་རིན་གོང་གཅིག་རྗེས་གཉིས་མཐུད་ངང་དམའ་རུ་བཏང་ཡོད་ལ། ཁྱབ་ཁོངས་ཀྱང་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ། ཧང་ཀྲོའུ་ནས་ཧྲེན་ཀྲེན་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་ལམ་ཐིག་མང་པོར་ཁྱབ་ཡོད་པ་མ་ཟད། སྤ་སེའི་རིན་གོང་དམའ་ཤོས་ནི་ཁྱབ་བསྒྲགས་བྱས་པའི་སྤ་སེའི་རིན་གོང་ལས་བརྒྱ་ཆ་དྲུག་བཅག་ཡོད།
ཐོན་རྫས་ཇུས་འགོད་གསར་གཏོད་བྱས་ནས་ཡུལ་སྐོར་བདེ་བགྲོད་ཡོང་བར་བྱས་ཤིང་། འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་གྱིས་ཚོང་དོན་ཡུལ་སྐོར་དང་། དུས་ཐུང་རྣམ་གྲངས་ལས་ཀའི་ལམ་ལུགས། དུས་བཀག་བདེ་བགྲོད་སོགས་ཀྱི་འགྲུལ་རྒྱུན་ཚོགས་སྤྱིར་ཕྱོགས་ཏེ། ཉིན་30ལ་ཐེངས་10ནས་ཐེངས་60བར་སོགས་དུས་བཀག་སྤ་སེ་ཁག་11དང་། ཉིན་90ལ་ཐེངས་10དང་། ཐེངས་20སོགས་ཐེངས་རྩིས་སྤ་སེ་ཁག་2བཙོངས་པ་དང་། ཁྱབ་ཁོངས་ཀྱང་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཧང་ཀྲོའུ་ནས་དབུན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཧྲང་ཧའེ་ནས་སུའུ་ཀྲོའུ། དེ་ནས་ཧུའུ་ནན་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་ལམ་ཐིག་8ལ་ཁྱབ་པ་ཚང་མར་སྤ་སེའི་རིན་གོང་བཅག་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།