དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བཤེར་རྟགས་གཅིག་ནས་དོན་ཀུན་སྒྲུབ། དྲ་བ་གཅིག་གིས་དམངས་འདོད་སྐོང་།

    བོད་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུར་འཕེལ་རྒྱས་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-21

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཁོངས་གཏོཌ་ཀྱིས“དམངས་ཀྱི་ཆེད་དུ་དང་། དམངས་ལ་སྟབས་བདེ་སྐྲུན་པ། དམངས་ལ་ཕན་འདོགས་པ”བཅས་ཀྱི་ཐོག་མའི་བསམ་འདུན་ལ་དམིགས་ཏེ། ལག་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དང་། ཞབས་ཞུ་གཞི་རིམ་དུ་ཁྱབ་པར་བྱེད་པ། ས་ཁོངས་བརྒལ་ནས་མཐུན་རྐྱེན་སྦྱོར་བ། ལམ་ལུགས་ཚད་བརྒལ་ཡོང་བ་བཅས་ཀྱི་བྱེད་ཐབས་ཆེན་པོ་བཞིར་བརྟེན་ནས། སྨན་བཅོས་འགན་སྲུང་ཞབས་ཞུར་འགྱུར་ལྡོག་གསར་པ་ཞིག་བཏང་སྟེ། སྒྱུར་བཅོས་ཀྱི་ཁེ་སྤོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་ཐོབ་སྣང་ཞིག་ཏུ་འགྱུར་བར་བྱས་ཡོད།

    ལག་རྩལ་གྱིས་མཐུན་རྐྱེན་སྦྱོར་བ།

    “གཱ་ཡི་དུས་རབས”ནས“བཤེར་རྟགས་ཀྱི་དུས་རབས”བར་གྲངས་འཛིན་གྱི་ཁེ་སྤོགས་ས་བབ་ལས་བརྒལ་བ།

    “དེ་གོང་ཕྱིར་ཐོན་དུས་སྨན་བཅོས་འགན་བཅོལ་གཱ་ངེས་པར་དུ་འཁྱེར་དགོས་པ་མ་ཟད། ཡུལ་གཞན་དུ་སྨན་བཅོས་བྱེད་པར་སྐྱོད་དགོས་ཚེ་ངོ་སྤྲོད་ཡི་གེ་མང་པོ་ཞིག་གྲ་སྒྲིག་བྱེད་དགོས། ད་ཆ་ཁ་པར་གཅིག་ནས་ཚང་མ་གཉེར་ཐུབ་ཀྱི་འདུག”ཅེས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་རྩིས་རྒྱག་སྐར་ཁུང་དུ་རྒན་ཡོལ་ཞུས་པའི་དགེ་རྒན་ཟླ་བ་བཟང་པོས་སྨན་བཅོས་འགན་བཅོལ་གྱི་བཤེར་རྟགས་ནས་སྨན་རིན་སྤྲད་རྗེས་འགན་བཅོལ་ལ་ཞུགས་པའི་མང་ཚོགས་མང་པོའི་བསམ་ཚུལ་བརྗོད།

    “གཱ་ཡི་དུས་རབས”ནས“བཤེར་རྟགས་ཀྱི་དུས་རབས”སུ་སླེབས་རྗེས་གྲངས་འཛིན་ལག་རྩལ་གྱིས་བོད་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ལ་གཤོག་ཟུང་གསར་པ་ཞིག་བསྒར་ཡོད། རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས“གཅིག་འཐུས་རྣམ་པ་དང་། སྐར་ཁུང་གཅིག འཛིན་ཤོག་གཅིག”བཅས་ཀྱི་གྲོན་དངུལ་འཇལ་སྟངས་ཁྱབ་གདལ་བཏང་བར་བརྟེན། ད་ཆ་ས་བབ་སྨི་5000ཟིན་པའི་འབྲོག་ཁུལ་གྱི་སྨན་ཁང་ནས་ལྷ་ས་གྲོང་ཁྱེར་དང་ཆུས་ཀྱི་རིམ་གསུམ་ཀ་པ་རིམ་པའི་སྨན་ཁང་བར་དུ་སྨན་བཅོས་འགན་བཅོལ་གྱི་བཤེར་རྟགས་དེ་སྒོ་བསྟེན་སྨན་ཁང་དུ་གྲོན་དངུལ་འཇལ་བ་དང་སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་རྒྱག་པ་སོགས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་ཡོད་པ་དང་། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་དང་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་སོགས་མཐའ་སྣེ་མང་པོའི་ལས་སྒྲུབ་བྱ་ཡུལ་དྲ་ཐོག་ནས་དུས་མཉམ་དུ་སྤྱོད་འགོ་ཚུགས་ཏེ། “མཛུབ་མོ་འགུལ་ཙམ་གྱིས་ལས་སྒོ་ཚང་མ་སྒྲུབ་ཐུབ”ཀྱི་ཡོད།

    2025ལོའི་ཟླ་10པའི་ཟླ་མཇུག་བར། རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་བཤེར་རྟགས་ནུས་སློང་དབང་བཅོལ་གྱིས་སྤྱོད་མཁན་ཁྲི་208.4ཟིན་པ་དང་། དམིགས་འཛུགས་སྨན་བཅོས་སྒྲིག་གཞི་2989དང་དམིགས་འཛུགས་སིལ་ཚོང་སྨན་ཚོང་ཁང་902དང་འབྲེལ་མཐུད་བྱས་ནས་ལྗོངས་ཡོངས་སུ་ཁྱབ་པའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི“བཤེར་རྟགས་གཅིག་ལས་ཀུན་སྒྲུབ”ཀྱི་ཐོབ་ཐང་ཁས་ལེན་དཔང་འདོན་མ་ལག་ཅིག་ཆགས་ཡོད།

    ཞབས་ཞུ་གཞི་རིམ་དུ་ཁྱབ་པ།

    གཞི་རིམ་སྨན་བཅོས་འགན་བཅོལ་དྲ་བ་ཚགས་དམ་དུ་བཏང་ནས“མཐའ་མའི་འགག་གནད”ཀྱི་དཀའ་གནད་བསལ་བ།

    སྨན་བཅོས་འགན་སྲུང་ཞབས་ཞུའི་དོན་ལ་བབས་ས་ནི་མང་ཚོགས་ལ་ཕན་པའི“མཐའ་མའི་འགག་གནད”ཤར་བགྲོད་ཐུབ་རྒྱུ་དེ་རེད། བོད་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་ཆ་སྙོམས་ས་བབ་མཐོ་ས་ཞིག་ཡིན་པས་དེ་གོང་ཞིང་འབྲོག་མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་རིན་རྩིས་ཞུ་བྱེད་པར“ལམ་ཐག་རིང་བ་དང་། བརྒྱུད་རིམ་རྙོག་འཛིང་ཆེ་བ། སྒུག་ཡུན་རིང་བ་བཅས་ཀྱི་དཀའ་ངལ་ཡང་སེ་འཕྲད་ཀྱི་ཡོད། དེའི་ཕྱིར། རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིས་ཞབས་ཞུ་གཞི་རིམ་དུ་ཁྱབ་པར་བྱེད་པ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། སྨན་བཅོས་འགན་བཅོལ་གྱི་དྲ་སྦྲེལ་བསྡོམས་རྩིས་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་བཏང་ནས་རང་ལྗོངས་ཀྱི་ཆ་རྐྱེན་དང་མཐུན་པའི་ཤང་གྲོང་གི་འཕྲོད་བསྟེན་ཁང་670དང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་14 གྲོང་ཚོའི་འཕྲོད་བསྟེན་ཁང་2949བཅས་ཚང་མ་སྨན་བཅོས་འགན་བཅོལ་གྱི་ཐད་ཀར་བསྡོམས་རྩིས་ཁྱབ་ཁོངས་སུ་བཅུག་སྟེ། “ནད་ཆུང་རྫོང་དང་ཆུས་ནས་བཅོས་ཐུབ་པ”གཞི་རྩའི་ཆར་མངོན་འགྱུར་བྱུང་ཡོད།

    གྲངས་གཞི་ལས་མངོན་པར། སྨན་བཅོས་འགན་བཅོལ་དྲ་སྦྲེལ་བྱུང་རྗེས་ཞིང་འབྲོག་པའི་སྨན་རིན་རྩིས་ཞུའི་དུས་ཚོད་ཆ་སྙོམས་ཉིན་3ནས་སྐར་མ་15བར་ཐུང་དུ་ཕྱིན་པ་དང་། ཕར་འགྲོ་ཚུར་འོང་གི་མ་གནས་80%ཆུང་དུ་ཕྱིན་པ། “ནད་ཆུང་འགྱངས་བ་དང་ནད་ཆེན་བཟོད་པའི”སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་དུས་མཚུངས་ལས་40%ཙམ་འཕར་བ་བཅས་བྱུང་བ་དང་། ཞིང་འབྲོག་པ་དེ་བས་མང་བས་རང་འགུལ་ངང་ཁྱིམ་གྱི་སྒོ་རྩར་སྨན་པ་བསྟེན་ནས་སྤུས་ལེགས་སྟབས་བདེའི་སྨན་བཅོས་འགན་བཅོལ་ཞབས་ཞུ་ལོངས་སུ་སྤྱོད་བཞིན་ཡོད།

    ས་ཁོངས་བརྒལ་བའི་མཐུན་སྦྱོར།

    ས་ཁོངས་ཀྱི་བཀག་རྒྱ་གཏོར་ནས“ཞིང་ཆེན་བརྒལ་ནས་དོན་ཀུན་སྒྲུབ་པའི”ཞབས་ཞུ་བཏོད་པ།

    མཐའ་མཚམས་ས་ཁུལ་ཡིན་པའི་ངོས་ནས་རང་ལྗོངས་སུ་ཕྱིར་གླ་པ་རྒྱུག་པ་དང་ཡུལ་གཞན་དུ་སྡོད་མཁན་ཅུང་མང་བས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་རྩིས་ཞུ་བྱེད་པ་དེ་སྔོན་ཆད་མང་ཚོགས་རྣམས་ཀྱིས་སེམས་ཁྲལ་བྱེད་ས་ཞིག་ཏུ་གྱུར་ཡོད། དེ་བས་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ས་ཁོངས་བརྒལ་བའི་མཐུན་སྦྱོར་འགག་གནད་སྒྲོལ་སར་བརྩིས་ནས་རང་སྐྱོང་ལྗོངས་ཀྱི“དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ”གྱི་གཞུང་ལས་ཁང་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་དང་སྲིད་དོན་ཞབས་ཞུ་གཞི་གཅིག་ཅན་གྱི་ལས་སྟེགས་སྦྲེལ་ལམ་ཕྱོགས་ཡོངས་ནས་བཏོད་དེ་གཅིག་གྱུར་ཐོབ་ཐང་ཁས་ལེན་དཔང་འདོན་མ་ལག་སྦྲེལ་མཐུད་ལེགས་སྒྲུབ་བྱས་ཡོད།

    མིག་སྔར། ཡུལ་གཞན་དུ་སྨན་བཅོས་ཀྱི་བསྡོམས་རྩིས་ཐོ་འགོད་དང་། སྨན་བཅོས་འགན་བཅོལ་བཤེར་རྟགས་ཞུ་ལེན། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་འགྱུར་ལྡོག་སོགས་ཐོན་མང་བའི་ཞབས་ཞུའི་དོན་ཚན་ཚང་མ“ཞིང་ཆེན་བརྒལ་ནས་དོན་ཀུན་སྒྲུབ་པ”དང་། སྨན་བཅོས་འགན་བཅོལ་གྱི་ལག་འགྲིམ་ཞབས་ཞུ་ཁག་28“དྲ་གཅིག་ཀུན་སྒྲུབ”བྱུང་ཡོད།

    2025ལོའི་ཟླ་10པའི་ཟླ་མཇུག་བར། བོད་འདི་ཉིད་འགན་བཅོལ་ནང་ཞུགས་ས་ཞིག་ཡིན་པའི་ངོས་ནས་འགན་བཅོལ་ནང་ཞུགས་མཁན་མི་ཐེངས་ཁྲི་928.43ལ་ཞིང་ཆེན་བརྒལ་བའི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་བསྡོམས་རྩིས་སྒྲུབ་གཉེར་བྱས་པར་གྲོན་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་48.37ཟིན་པ་དང་། སྨན་བཅོས་བྱ་ཡུལ་ཡིན་པའི་ངོས་ནས་མི་ཐེངས་ཁྲི་53.44ལ་བསྡོམས་རྩིས་ཞབས་ཞུ་མཁོ་འདོན་བྱས་ཏེ། “ཞབས་ཞུར་མཚམས་མེད་པའི”ལག་ལེན་ལ་བརྟེན་ནས་སྐོར་སྐྱོད་སྨན་བཅོས་འགན་བཅོལ་ནམ་ཡང“མཚམས་མི་འཇོག་པ”བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།