དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐལ་བཟང་སྒྲོལ་དཀར་གྱིས་བརྗོད་དོན།

    སྡོང་ཕྲུག་ཚང་མ་རང་ཕྲུག་ལྟར་བདག་སྐྱོང་ཡག་པོ་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-21

    སྐལ་བཟང་སྒྲོལ་དཀར་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོ་ནས་ཡིན་ཞིང་། རང་སྐྱོང་ལྗོངས་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་གི་སྡོང་ཕྲུག་རྟེན་གཞིའི་སྤྱི་ཕན་ལས་གནས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ཁོང་གིས་སྡོང་ཕྲུག་རྟེན་གཞིར་ལོ་20ལྷག་ཙམ་ལས་ཀ་བྱེད་རིང་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད།

    “ང་དང་སྡོང་ཕྲུག་དབར་ལས་འབྲེལ་དམ་ཟབ་ཡོད། སྡོང་ཕྲུག་གིས་ངའི་ལས་དབང་ལ་འགྱུར་ལྡོག་བཏང་བྱུང”ཞེས་སྐལ་བཟང་སྒྲོལ་དཀར་གྱིས་བཤད།

    2002ལོར། ཁྱིམ་གྱི་འཚོ་བའི་འཁོས་ཀ་ཞན་པས་སྐལ་བཟང་སྒྲོལ་དཀར་གྱིས་མཐོ་འབྲིང་མ་ཐོན་གོང་ནས་སློབ་མཚམས་མི་འཇོག་ཀ་མེད་བྱུང་ཡོད། མ་གཞི་ལས་ཀ་གཞན་བྱས་ཆོག་མོད། འོན་ཀྱང་། ཆུང་དུས་ནས་མེ་ཏོག་དང་རྩྭ་རྩི་ཤིང་ལ་དགའ་པོ་ཡོད་པའི་ཁོ་མོས་རང་སྐྱོང་ལྗོངས་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་གི་སྡོང་ཕྲུག་རྟེན་གཞིར་ལས་མི་བསྡུ་གི་ཡོད་པ་ཤེས་འཕྲལ། བསམ་བློ་གང་ཡང་མ་བཏང་བར་ཐད་ཀར་མིང་ཐོ་བཀོད་དེ་ལས་ཀར་ཡོང་བ་རེད།

    ཁོང་གིས་སྡོང་ཕྲུག་རྟེན་གཞིར་ཉིན་ལྟར་མྱུག་གསོ་དང་། མྱུག་འདེབས། མཐུད་སྦྱོར། བདག་སྐྱོང་སོགས་བྱེད་སྟངས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པས། ཆེད་ལས་རྩལ་ནུས་ཕུལ་བྱུང་ཁོང་དུ་ཆུད་པ་མ་ཟད། ཤིང་སྡོང་ལའང་བརྩེ་བ་ཟབ་མོ་ཞིག་དེ་བས་ཆགས་ཡོད།

    2019ལོར་རང་སྐྱོང་ལྗོངས་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་གིས་སྣེའུ་ཚན་རྩལ་ནགས་གསོ་དཔེ་སྟོན་ལས་གྲྭ་ལག་ལེན་བསྟར་བ་དང་སྐལ་བཟང་སྒྲོལ་དཀར་གྱིས་སྣེའུ་ཕུག་ལམ་གྱི་རི་འགོ་སྔོ་འགྱུར་བྱེད་འགན་འཁུར་བ་རེད། “དང་ཐོག་འདིར་འཛུགས་སྐྲུན་གྱི་གད་སྙིགས་མང་པོ་འདུག དེ་དག་ང་ཚོས་རིམ་བཞིན་གཙང་སེལ་བྱས་པ་ཡིན། སྐབས་དེར་མི་མེད་གནམ་གྲུའི་འདེབས་འཛུགས་ལག་རྩལ་མེད་པས། ཚང་མས་སྡོང་རྐང་རེ་རེ་བཞིན་སྒལ་པར་ཁུར་ནས་རི་སྟེང་དུ་དབོར་དགོས་ཀྱི་ཡོད”ཅེས་སྐལ་བཟང་སྒྲོལ་དཀར་གྱིས་འདས་དོན་ཕྱིན་དྲན་བྱེད་བཞིན་དུ་བཤད།

    ཚན་རྩལ་ལ་བརྟེན་ནས་ནགས་བཟོ་བྱེད་པའི་དཔེ་སྟོན་ལས་གྲྭའི་ཉམས་མྱོང་ཡོད་པས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་རྗེས། སྐལ་བཟང་སྒྲོལ་དཀར་གྱིས་སྣེའུ་ཕུག་ལམ་ཡུག་ཁུལ་གྱི་སྔོ་འགྱུར་བྱེད་འགན་འཁུར་བ་རེད། ཚོགས་པའི་ནང་ཉམས་མྱོང་ཕུན་སུམ་ཚོགས་ཤོས་ཀྱི་དོ་དམ་སྲུང་སྐྱོང་བ་ཞིག་ཡིན་པའི་ཁོང་གིས་ཚང་མར་ས་དོང་འདྲུ་སྟངས་ནས་འདེབས་འཛུགས་བྱེད་སྟངས་དང་ས་སྣོན་རྒྱག་སྟངས་ལ་སོགས་རེ་རེ་བཞིན་དམར་ཁྲིད་བྱས།

    “མ་གཞི་ཉིན་རེར་འདེབས་སྟངས་དཔེ་སྟོན་ཐེངས་མང་བྱེད་དགོས་མོད། འོན་ཀྱང་སྡོང་ཕྲུག་རེ་རེ་རྩ་བ་ཚུགས་པ་མཐོང་སྐབས་སེམས་ལྷོད་ཤིག་ཤིག་ཏུ་འགྱུར་གྱི་འདུག”ཅེས་སྐལ་བཟང་སྒྲོལ་དཀར་གྱིས་བཤད། སྐབས་དེར་ཁོང་གིས་བཏབ་པའི་སྡོང་ཕྲུག་དག་ད་ཆ་ནགས་ཚལ་དུ་གྱུར་ཡོད།

    དགུན་དུས་ལྕང་མའི་ལོ་མ་ས་ལ་ཟགས་པས་རི་ལ་སྐྱོད་ཚེ་སྐྱོ་སྣང་ཞིག་ངམ་གྱིས་སྐྱེ་སྲིད་མོད། འོན་ཀྱང་སྐལ་བཟང་སྒྲོལ་དཀར་དང་རུ་མི་ཚོས་ཆུ་སྦུག་དང་ལྕགས་ཁེམ་ཁྱེར་ནས་བསྐྱར་དར་རྟགས་ཅན་མེ་འཁོར་གྱི་དུང་བརྡའི་ཁྲོད་ངལ་རྩོལ་བྱེད་འགོ་རྩོམ་གྱི་ཡོད།

    ཁོང་གིས་ས་དོང་ནས་ས་ཕྲན་བུ་བླངས་ཏེ་ཕུར་ཙམ་བྱས་རྗེས་ཆུ་གཏོང་བཞིན་པའི་རུ་མིར“བཀྲ་ཤིས། ཁུལ་འདིར་ཆུ་ད་དུང་ཡག་པོ་སིམ་ཐུབ་མི་འདུག ཡང་བསྐྱར་ཆུ་ཐེངས་གཅིག་གཏོང་དགོས་འདུག ལས་ཀ་ཧ་རེ་ཧུ་རེ་གཏན་ནས་བྱེད་མི་རུང་། དགུན་ཆུ་འདྲེན་རྒྱུ་དེ་སང་ལོའི་དཔྱིད་དུས་ཀྱི་ཤིང་སྡོང་སྐྱེ་ཚུལ་དང་འབྲེལ་བ་ཆེན་པོ་ཡོད”ཅེས་བཤད།

    སྐལ་བཟང་སྒྲོལ་དཀར་གྱིས་ཐང་ཤིང་ཞིག་ལ་མཛུབ་མོ་འཛུགས་ཀྱིན་དགའ་ཚོར་ཆེན་པོས་གསར་འགོད་པར“ཁྱོད་ཀྱིས་ལྟོས་དང་། དུམ་བུ་འདི་ནི་ད་ལོ་སྐྱེས་པ་རེད། སྡོང་པོའི་རྩེ་མྱུག་ཀྱང་ཚང་མ་འབུས་ཟིན་འདུག དེ་ལས་ང་ཚོས་ད་ལོ་བདག་སྐྱོང་ཡག་པོ་ཐུབ་པ་མཚོན་གྱི་ཡོད”ཅེས་ངོ་སྤྲོད་བྱས།

    ཆུ་འདྲེན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས་རྗེས། ཁོང་གིས་ལས་གྲོགས་ཚོ་མཉམ་དུ་བསྡུས་ནས་དགུན་དུས་མེ་ཟོན་གྱི་གལ་ཆེའི་རང་བཞིན་ལ་སླར་ཡང་ནན་བཤད་བྱས་ཏེ། རུ་མི་ཚོས་རི་སྐོར་རྒྱག་སྐབས་དོ་སྣང་དང་ལྟ་ཞིབ་མང་ཙམ་བྱེད་དགོས་པའི་རེ་བ་བཏོན།

    ཚང་མ་བཀོད་སྒྲིག་ཡག་པོ་བྱུང་རྗེས་ཁོང་བྲེལ་འཚུབ་ངང་རི་གཤམ་དུ་མ་བབས་པར་ནགས་ཁྲོད་དུ་འཆམ་འཆམ་ལ་འགྲོ་གི་ཡོད་ཅིང་། སྐབས་རེ་སྡོང་རྐང་ལ་བྱིལ་བྱིལ་བྱེད་པ་དང་སྐབས་རེ་སྡོང་པོའི་རྩ་བར་ལྟ་ཞིབ་བྱེད་ཀྱི་ཡོད། ཁོང་གིས་སྦྱར་སྡོང་ཞིག་གི་མདུན་དུ་བསྐྱོད་དེ་སྡོང་པོར་འཐམ་བཞིན“ཤིང་སྡོང་འདིའི་ཡལ་གར་ན་ནིང་ནད་ཕོག་ནས་ང་ཚོས་སྨན་བཅོས་བྱས་པ་ཡིན། ཁྱེད་ཀྱིས་ལྟོས་དང་ད་ལོ་སྐྱེ་ཚུལ་ཡག་པོ་གང་འདྲ་མི་འདུག་གམ”ཞེས་སྐལ་བཟང་སྒྲོལ་དཀར་གྱིས་བཤད།

    “སྡོང་ཕྲུག་ཚང་མ་རང་ཕྲུག་ལྟར་བདག་སྐྱོང་ཡག་པོ་བྱེད་ཀྱི་ཡིན། ངས་རྒས་ནས་ལས་ཀ་མ་ཐུབ་པའི་བར་གནས་འདི་བརྟན་སྲུང་བྱེད་ཀྱི་ཡིན། སྐབས་དེར་ཡང་བསྐྱར་འདི་གར་ཡོང་ཚེ་རི་ཐང་གང་སར་ངའི‘ཕྲུ་གུས’ཁེངས་སྲིད་པས་དེ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད་ཨང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།