དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱས། དེང་གི་འབྲོག་པའི་འཚོ་བ་སྐྱིད།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་འབྲོག་ཁུལ་དུ་བཅར་འདྲི་བྱས་པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-21

    འདི་ནི་སྙན་རོང་རྫོང་གི་རྟ་རྒྱུག་དུས་ཆེན་གྱི་རྣམ་པ་ཡིན་པ། (མི་མེད་གནམ་གྲུས་བརྒྱབ་པའི་པར)

    དཀར་ཆུའི་ཐོན་རྫས་ཚོང་འདུས་ཀྱི་ཉིན་མཐའ་མ་ཡིན་ཡང་། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གཉན་གཞུང་ཐང་ཆེན་དུ་སྔར་བཞིན་མི་ཚོགས་ཀྱི་འདུ་འཛི་ཆེ་ཞིང་། “སྙན་རོང་ཁྲ་བོ་ལ་ནོར་ནག”དང་། “སྙན་རོང་གི་ཞོ” “སྙན་རོང་གི་ལ་ལ” “སྙན་རོང་གི་ཕྱུར་བ”སོགས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཆེན་པོ་དྲུག་བཤམས་ཡོད་པར། འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་ནས་བྲོ་བ་མྱོང་མཁན་དང་ཉོ་མཁན་འཚང་ག་ཤིག་ཤིག་རེད།

    “ང་ཚོས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དེ་འབྲོག་ལས་འཕེལ་རྒྱས་གཏོང་བའི་ལས་འགན་གཙོ་བོར་བརྩིས་ནས་སྲིད་ཇུས་ཀྱིས་ཁྲིད་སྟོན་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། བྱེད་པོ་སྐྱེད་སྲིང་བཅས་བྱས་པ་བརྒྱུད། སྲོལ་རྒྱུན་གྱི་ཕྱུགས་རིགས་གསོ་སྟངས་དེང་རབས་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན། སྐྱེ་ཁམས་ཅན་བཅས་སུ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་གི་ཡིན”ཞེས་སྙན་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱང་ཞུས་ཀྱིས་ངོ་སྤྲོད་བྱས།

    2017ལོར་བཙུགས་པའི་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་མཉམ་འབྲེལ་ཁང་ནི་ཕྱོགས་སྒྱུར་དེའི་གྲས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། ཐོག་མའི་དུས་སུ་མཉམ་འབྲེལ་ཁང་གིས་དཀར་ཆུའི་ཐོན་རྫས་ལས་སྣོན་གཙོ་བོར་བཟུང་བར། ལོ་རེའི་ཡོང་འབབ་སྒོར་ཁྲི་བརྒྱ་ཡང་ཟིན་གྱི་མེད།

    ལོ་མང་རིང་སྐྱེད་སྲིང་ཞིབ་ཚགས་བྱས་པ་བརྒྱུད། ལས་སྒོའི་ཁྱབ་ཁོངས་རིམ་བཞིན་དཀར་ཆུའི་ཐོན་རྫས་ལས་སྣོན་དང་། ཐོན་སྐྱེད་རྒྱུ་ཆ་གཅིག་གྱུར་ཉོ་སྒྲུབ། རླངས་འཁོར་བོགས་མར་གཏོང་བ། པར་འདེབས་དང་བསྐྱར་དཔར། ལྕི་བ་དང་རིལ་མའི་འབུད་རྫས་ལས་སྣོན་སོགས་ཁྱབ་ཁོངས་30ལྷག་ཙམ་བར་རྒྱ་སྐྱེད་བཏང་བ་མ་ཟད། ཕྱུགས་ལས་ཐོན་རྫས་ཀྱང་རིགས་ཆེན་པོ་11བར་ཕུན་སུམ་ཚོགས་པར་གྱུར་ནས་རྫོང་ཡོངས་ཀྱི་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་ཚད་ཤིང་ལྟ་བུར་གྱུར་ཡོད། མི་རྣམས་ལ་དེ་བས་སྐུལ་མ་ཐེབས་པ་ཞིག་ནི་2025ལོར་མཉམ་འབྲེལ་ཁང་དེའི་ཐོན་རྫས་རིན་ཐང་སྒོར་ཁྲི་1000གི་འགག་སྒོ་ཆེན་པོ་ལས་བདེ་བླག་ངང་བསྒྲལ་ནས་ཉམས་ཞན་ནས་སྟོབས་ལྡན་བར་མཆོང་སྐྱོད་བྱུང་བ་རེད།

    མི་རྩྭ་ཕྱུགས་གསུམ་ནི་འབྲོག་ལས་ཐོན་སྐྱེད་ཀྱི་སྲོག་ཤིང་ལྟ་བུའི་རྒྱུ་རྐྱེན་གསུམ་ཡིན། གསར་འགོད་པས་བཅར་འདྲི་བྱེད་སྐབས་སྙན་རོང་རྫོང་གིས་སྣེ་ཁྲིད་ཁེ་ལས་དང་། མཉམ་ལས་ཁང། ཁྱིམ་ཚང་འབྲོག་ར། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་སྐྱོང་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་གི་ཐོན་སྐྱེད་ཆུང་ངུ་དང་འགྱུར་ལྡོག་མང་བའི་ཁྲོམ་ར་ཆེན་པོ་འབྲེལ་མཐུད་བྱས་ཤིང་། ཐོན་ཁུངས་ཀྱི་ལེགས་ཆ་ཉིད་དཔལ་འབྱོར་གྱི་ལེགས་ཆར་ནུས་ལྡན་ངང་བསྒྱུར་བར་སྐུལ་འདེད་བཏང་བས“མིའི”བདེ་སྡོད་ལས་བརྩོན་མངོན་འགྱུར་བྱུང་ཡོད།

    “རྩྭ་རའི་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་ལ་བརྟེན་ནས་རྩྭ་ར་ཁག་གཅིག་གཉེར་སྐྱོང་ནུས་པ་ཅུང་ཞན་པའི་འབྲོག་དུད་ནས་གཉེར་སྐྱོང་ནུས་པ་ཆེ་བ་དང་ཐོན་སྐྱེད་རྒྱ་ཆེར་གཏོང་འདོད་ཡོད་པའི་འབྲོག་དུད་དུ་བརྒྱུད་བཤུག་བྱས་པས། རྩྭ་ཐང་ཐོན་ཁུངས་སྔར་བས་བེད་སྤྱོད་ནུས་ལྡན་ཐུབ་པ་དང་རྩྭ་ཐང་སྐྱེ་ཁམས་དང་འབྲོག་ལས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ཡོད”ཅེས་སྙན་རོང་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་འཆི་མེད་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། འབྲོག་པ་རྣམས་ལ་རྩྭ་ར་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་གི་བོགས་དངུལ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད། ཡོང་འབབ་ཀྱང་མང་དུ་གཏོང་ཐུབ་ཅེས་བཤད་ཡོད།

    གྲངས་གཞི་ལས་མངོན་པར། 2025ལོར་སྙན་རོང་རྫོང་གི་དུད་ཚང་1534ཕྱུགས་ཟོག་འཚོ་སྐྱོང་ཚད་བརྒལ་ནས་རྩྭ་ཕྱུགས་དོ་མཉམ་གྱི་བར་འགྱུར་ལྡོག་ཕྱིན་པ་དང་། རྩྭ་རའི་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་གི་བོགས་དངུལ་སྒོར་ཁྲི་557.13ཙམ་ཟིན་ཡོད། སྙན་རོང་རྫོང་ཀ་ཁྲེ་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིར་ཆ་མཚོན་ན། མིག་སྔའི་བར་ཀུང་སིས་དུད་ཚང་220ཡི་མང་ཚོགས་357ལ་ལས་གནས་བརྟན་པོ་མཁོ་འདོན་བྱས་པས་གླ་ཕོགས་ཀྱི་ཡོང་འབབ་སྒོར་ཁྲི་741.02རག་པ་དང་། ཁེ་སྤོགས་བགོ་འགྲེམས་བརྒྱུད་མི་3488ལ་ཁེ་སྤོགས་སྒོར་ཁྲི་225.56བགོ་འགྲེམས་བརྒྱབ་པ་རེད།

    སེ་ཆེན་ཤང་པུང་རྒྱས་གྲོང་ཚོའི་གཞུང་ལམ་བྱང་ཕྱོགས་ཀྱི་སྟར་པ་གཅིག་ནི་འབྲོག་པའི་བདེ་སྡོད་ཁང་པ་ཡིན་ལ་ལྷོ་ཕྱོགས་ཀྱི་སྟར་པ་གཅིག་ནི་ནོར་ནག་གི་ལྷས་ར་རེད། 2024ལོར་པུང་རྒྱས་གྲོང་ཚོར་མི་འཚོ་སྡོད་དང་ཕྱུགས་གསོ་སྤེལ་བྱེད་ས་ལོགས་སུ་དབྱེ་ནས་དེ་སྔའི“མི་ཕྱུགས་སྒོ་ར་གཅིག་པ་དང་རྫབ་ལུད་སྤུངས་པའི”རྣམ་པ་རྙིང་པར་རྩ་བ་ནས་འགྱུར་ལྡོག་བཏང་བ་རེད།

    “སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་4སྤྲད་པ་དང་རང་ཉིད་ཀྱིས་སྒོར་ཁྲི་2བཏང་ནས་སྨི་ངོས་གྲུ་200ཙམ་ཟིན་པའི་ལྷས་ར་འདི་བསྐྲུན་པ་ཡིན། ད་ཆ་རང་ཁྱིམ་གྱི་ནོར་ནག་དགུན་སྒྲོལ་བྱེད་པའི་ཐད་སེམས་ཁྲལ་གང་ཡང་མི་འདུག”ཅེས་འབྲོག་པ་བཟང་ཐར་རྒྱལ་གྱིས་དགའ་སྤྲོའི་ངང་བཤད།

    སྙན་རོང་རྩྭ་ཐང་གི་ཆ་སྙོམས་ས་བབ་མཐོ་བ་དང་དགུན་ཁ་གྲང་ངར་ཆེ་ལ་ནམ་དུས་རིང་བ་མ་ཟད། ཁ་བ་འབབ་མང་ཞིང་གྲང་རླུང་ལྡང་བའི་དབང་གིས། ཕྱུགས་ཟོག་བདེ་འཇགས་ངང་དགུན་སྒྲོལ་བྱེད་པར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། སྔོན་ཆད་ཆ་རྐྱེན་ཞན་པའི་སྟབས་ཀྱིས་ལྕི་བ་བརྩིགས་ནས་ར་བ་བསྐོར་བ་དང་ས་ལ་ཐག་པས་རྡང་འཐེན་པ་དེ་ནི་ཕྱུགས་ཟོག་འདོག་ས་རེད། གནམ་གཤིས་ཧ་ཅང་གྲང་དུ་སོང་ན་འབྲོག་པས་གཤེད་མ་སྐྱོ་བའི་ཕྱུགས་ཟོག་དང་བེའུ་སོགས་ལ་མལ་ཆས་གཡོགས་ནས་གྲང་ངར་འགོག་ཐབས་བྱེད་ཀྱི་ཡོད།

    ད་ཆ་མཐོ་གྲང་ལྷས་ར་བསྐྲུན་པ་བརྒྱུད་ཚད་ལྡན་ཅན་གྱི་ལྷས་རས་སྲོལ་རྒྱུན་གྱི་ཕྱུགས་ཟོག་འཇུག་སའི་ཚབ་བྱས་ཏེ། ཕྱུགས་ཟོག་བདེ་འཇགས་ངང་དགུན་སྒྲོལ་ཡོང་བའི“འགན་ལེན་ཁང”མཁོ་འདོན་བྱས་པས་འབྲོག་པའི་ཕྱུགས་ཟོག་གསོན་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། 2025ལོར་སྙན་རོང་རྫོང་གིས་མ་དངུལ་སྒོར་ཁྲི་1904བཏང་ནས་དུད་ཚང་དུ་མཐོ་གྲང་ལྷས་ར་476བསྐྲུན་པ་རེད། དེ་དང་ཆབས་ཅིག ཚན་རིག་དང་མཐུན་པའི་གཟན་གསབ་དང་ཕྱུགས་ཟོག་གི་དྲོད་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་སྙན་རོང་རྫོང་ཡོངས་ཀྱི་ལོ་ཧྲིལ་པོའི་ཕྱུགས་ཟོག་དར་མའི་ཤི་ཚད་2.3%ནང་ཚོད་འཛིན་བྱས་པ་དང་། གསར་སྐྱེས་ཕྱུགས་ཟོག་གསོན་ཚད་94.95%ཟིན་ནས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བཏིང་ཡོད།

    “མི་རྣམས་ལས་བརྩོན”ནས“རྩྭ་ས་བརྒྱུད་བཤུག”དང་དེ་ནས“ཕྱུགས་ཟོག་ལྷས་རར་བསྐྱིལ”བའི་བར། ཉེ་བའི་ལོ་ཤས་རིང་། སྙན་རོང་རྫོང་གིས་འཕེལ་རྒྱས་ཀྱི་ལག་ལེན་རབ་དང་རིམ་པར་བརྟེན་ནས་མི་རྩྭ་ཕྱུགས་གསུམ་གྱི་སྲོག་ཤིང་ལྟ་བུའི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་གསུམ་གྱི་གསོན་ཤུགས་བདེ་བླག་ངང་འཕེལ་བར་བྱས་པ་དང་། འབྲོག་ཁུལ་དེང་རབས་ཅན་ཕྱོགས་སྒྱུར་གྱི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།