ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་ཁྲིད་བྱས་པར་སྤྲིན་ཚོམ་ནས་སྦྱོང་མཁན་མི་ཐེངས་ཁྲི་1300ལྷག་ཙམ་ཟིན་པ།
ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འདུས་པའི་བསམ་བློ་ཆབ་སྲིད་སློབ་ཚན་མཉམ་དུ་འཚོགས་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་སྤྱིར་བཏང་གཏན་ནས་མིན་པའི་དུས་སྐབས་ཤིག་ཡིན་ཞིང་། དེའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས། བསམ་བློ་ཆབ་སྲིད་སློབ་ཚན་བཀོད་སྒྲིག་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད”ཅེས་གསུངས་ཡོད།
ཉེ་ཆར། སློབ་གསོ་པུས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་སྒྱུར་བཅོས་ཚོད་ལྟའི་ས་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ”འཚོགས་ཤིང་། ཚོགས་འདུའི་ཐོག “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གྲུབ་འབྲས་གལ་ཆེན་དང་། “རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད”བརྗོད་དོན་གཙོ་བོར་བྱས་པའི་དཔེ་སྟོན་སློབ་ཁྲིད་དང་སློབ་ཚན་ཐུང་ངུའི་འགྲེམས་སྟོན་གྱི་རྣམ་པ་གསར་པ་བཏོད་ཡོད།
གྲུབ་འབྲས་གལ་ཆེན་དག་ཇི་ལྟར་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ནང་འཇུག་པ་དང་། འཕོ་འགྱུར་རླབས་པོ་ཆེས་དུས་རབས་ཀྱི་མི་གསར་ཚོའི་བློ་ཡིད་འགུགས་དོན་གང་ཡིན་ནམ།
ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་སློབ་འབྲིང་དང་པོའི་དགེ་རྒན་ཀོན་ཡུས་ཀྲི་ཡིས“བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་དགོས། སློབ་གསོར་བརྟེན་ནས་ཤེས་ལྡན་པ་སྐྱོང་བ་དང་། ཤེས་ལྡན་པར་བརྟེན་ནས་ཚན་རྩལ་ལ་སྐུལ་འདེད་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཐོན་ལས་དར་རྒྱས་གཏོང་བའི་གཏན་ཚིགས་དེ་ཁོང་དུ་ཆུད་ཚེ། ང་ཚོས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དོན་སྙིང་ལ་གོ་བ་དེ་བས་ལེགས་པར་ལེན་ཐུབ”ཅེས་བཤད།
གོ་སྐབས་དང་འགྲན་སློང་གླེང་ནས་སློབ་མའི་བློ་སྒོ་ཡང་ཡང་འབྱེད། སློབ་མ་ཚོས་རྒྱལ་ཁབ་ཀྱི་འཆར་འགོད་ཁྲོད་རང་ཉིད་ཀྱི་འབད་འཐབ་ཁ་ཕྱོགས་གཏན་འཁེལ་གྱིས“ང་ཚོར་གྲུབ་འབྲས་རླབས་པོ་ཆེ་ཐོབ་དོན་གང་ཡིན་པའི”རིན་ཐང་ཐད་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
དེས་ན། ཀྲུང་གོའི་ལོ་ལྔའི་འཆར་འགོད་ཀྱི་དམིགས་ཚད་རེ་རེ་བཞིན་མངོན་འགྱུར་ཇི་ལྟར་བྱེད་དགོས་སམ།
“ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་གཏན་འཁེལ་དང་། འཆར་གཞི་གཅིག་མཐའ་གཅིག་ཏུ་འགོད་པ། ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་དགོས། མང་ཚོགས་ཀྱི་བློ་གྲོས་དང་དམངས་འདོད་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ་དང་། འཆར་འགོད་བཟོ་བའི་བརྒྱུད་རིམ་བཅས་ནི་མ་གཞི་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད”ཅེས་ཆིང་ཧྭ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ལང་ཁུན་གྱིས་ཕྱོགས་སྡོམ་ཚུལ་དུ་བརྗོད་པ་དང་། ཁོང་གིས“ལམ་ལུགས་ཀྱི་ལེགས་ཆ་དག་མདོར་བསྡུས་ནས་བཤད་ན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལས་བྱུང་བ་ཞིག་རེད། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་རེད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཀྱང་རེད”ཅེས་བརྗོད།
ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་འགོད་པ་དང་མུ་མཐུད་ལག་ལེན་བསྟར་རྒྱུ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཞིག་རེད་ལ། རྒྱ་ཆེའི་སློབ་ཆེན་སློབ་མས“ཀྲུང་གོའི་བཅོས་སྐྱོང”ལ་རྒྱུས་ལོན་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཀྱང་རེད།
སློབ་ཆུང་ནས་སློབ་འབྲིང་བར་དང་དེ་ནས་སློབ་ཆེན་བར་དང་། མྱོང་ཚོར་ནས་ངོས་འཛིན་བར་དང་དེ་ནས་ལག་ལེན་བར། སློབ་ཡུན་གྱི་དུས་མཚམས་3གྱི་བསམ་བློ་ཆབ་སྲིད་ཀྱི་དཔེ་སྟོན་སློབ་ཚན་ཞིབ་ཚགས་ལ་རིམ་པ་བཞིན་དབྱེ་ཞིབ་དང་གསེད་བཀྲོལ་བྱས་པར། བསམ་བློ་ཆབ་སྲིད་སློབ་ཚན་ཇི་ལྟར་ཁྲིད་པ་དང་གང་འདྲ་བྱས་ནས་ཡག་པོ་ཁྲིད་མིན་གོམ་པ་རེ་རེ་བཞིན་གསལ་པོ་མངོན་པར་བྱས་ཡོད།
“སློབ་ཡུན་དུས་མཚམས་ཁག་གི་སློབ་ཚན་དང་སློབ་ཚན་ཐུང་གྲས་ཀྱི་མ་ཟིན་གྱིས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་བསླབ་གཞིར་དམ་པོར་དམིགས་ཏེ་རིམ་ཁག་སློབ་དཔྱོད་པ་དང་འཐབ་ས་དང་པོའི་དགེ་རྒན་ལ‘སྤྱོད་གོ་ཆོད་པ’དང་སྦྱོང་ཆོག་ལ་ཁྲིད་ཆོག་པའི་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་མཁོ་འདོན་བྱས་ཏེ། ས་གནས་ཁག་དང་སློབ་གྲྭ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་ཚན་གྱི་བསླབ་གཞིའི་ནང་འཇུག་པར་སྐུལ་འདེད་གཏོང་རྒྱུར་དཔེ་སྟོན་བཟང་པོ་མཁོ་འདོན་བྱས་ཡོད”ཅེས་སློབ་གསོ་པུའི་སྤྱི་ཚོགས་ཚན་རིག་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ད་ཐེངས་ཀྱི་བྱེད་སྒོའི་ནང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཁྲི་80ལྷག་ཙམ་ནས་དགེ་རྒན་90%ཡིས་རྒྱལ་ཡོངས་ཀྱི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་འཁྲིད་མཁན་དགེ་རྒན་གྱི་དྲ་རྒྱའི་མཉམ་སྡེབ་སློབ་ཁྲིད་གྲ་སྒྲིག་ལས་སྟེགས་དང་། མི་དམངས་སློབ་གསོའི་དགེ་རྒན་གྱི་གསོ་སྦྱོང་ཞབས་ཞུའི་ལས་སྟེགས་བརྒྱུད་ཐད་གཏོང་བལྟས་པ་དང་མི་དམངས་ཉིན་རེའི་ཚགས་པར་གྱི་དུད་སྣེའི་ཐད་གཏོང་ལྟ་མཁན་མི་ཐེངས་ཁྲི་1200ལྷག་ཙམ་ཟིན་ནས་ཁྱོན་མི་ཐེངས་ཁྲི་1300ལྷག་ཙམ་གྱིས་སྤྲིན་ཚོམ་ནས་སློབ་ཚན་སྦྱངས་པས་བསམ་བློ་ཆབ་སྲིད་སློབ་ཚན་ཁྱབ་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
“རང་སོ་སོའི་ཞིབ་འཇུག་ཁྱབ་ཁོངས་ལ་དམིགས་ནས། སློབ་མ་ཚོས‘ལོ་ལྔ་ཚན་བཅོ་ལྔ་པར’རེ་སྒུག་དང་བསམ་གཞིག་བྱ་གཞི་གང་ཡོད་དམ”སློབ་གྲྭ་ཆེ་མོ་བ་ཚོས་རྟོག་བཟོའི་རྣམ་པའི་ཆུ་འབྲས་འདེབས་མཁན་ཞིང་པ་དང་། རིག་དངོས་ཉམས་གསོ་བ། ཁེ་ལས་ཀྱི་ཞིབ་སྤེལ་ལག་རྩལ་ཆེ་མོ་བ་སོགས་དང་སྤེལ་རེས་བགྲོ་གླེང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གནམ་ས་ཡངས་པོར་ཕུགས་འདུན་མངོན་འགྱུར་བྱས་ནས་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་ཡག་པོ་མཐུད་རྒྱུའི་སེམས་ཐག་བཅད་པ་རེད།
ལང་ཚོའི་ཁ་ཕྱོགས་དང་རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་འཆར་གཞི་དང་གཅིག་མཐུན་བྱུང་ཚེ། འཚར་ལོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་བསམ་བློའི་སྐས་རིམ་ཆགས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པ། ན་གཞོན་གྱི་གོམ་སྟབས་ཤུགས་དང་ལྡན་པར་གྱུར་ངེས་རེད།
འབྲེལ་ཡོད་གསར་འགྱུར།