དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བསམ་འཆར་བཀྲམ་སྟེ།

    རྡོ་ཐ་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་རྡུང་རྡེག་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྡོ་ཐ་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་སྟེ། དམིགས་སའི་རང་བཞིན་གྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་རྡོ་ཐ་རྫུན་བཟོ་དང་། རྫུན་མ་ཚོང་བ། ལྐོག་འདྲེན་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ། རྡོ་ཐའི་ཁྲོམ་རའི་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་པ་བཏོན་ཡོད།

    《བསམ་འཆར》ནང་བླང་བྱ་བཏོན་དོན། ཕྱི་ཁོངས་ནས་རྡོ་ཐ་རྫུན་མ་བཟོས་ཏེ་རྒྱལ་ནང་དུ་ལྐོག་འདྲེན་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། འབྲེལ་ཡོད་རྒྱལ་ཁབ་དང་ཁྲིམས་སྒྱུར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱི་རྒྱལ་གྱིས་ཀྲུང་གོའི་རྡོ་ཐ་སྤུས་རྟགས་རྫུན་མ་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། རང་རྒྱལ་དུ་ཁྱབ་པའི་ཁྲིམས་འགལ་རྡོ་ཐ་དང་རང་རྒྱལ་བརྒྱུད་ནས་རྡོ་ཐ་འཚོང་བར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། སྐམ་མཚོ་མཉམ་འགུལ་གྱི་ཁྲིམས་སྒྱུར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཚོ་ཐོག་ནས་རྡོ་ཐ་ལྐོག་འདྲེན་བྱེད་པར་རྡུང་རྡེག་གནད་སྨིན་གཏོང་དགོས། སྐམ་ལམ་མཐའ་མཚམས་དང་འགག་སྒོའི་རྡོ་ཐ་དང་འབྲེལ་བའི་གནད་དོན་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་རྡོ་ཐ་ལྐོག་འདྲེན་གྱི་བྱེད་སྤྱོད་མཐའ་དག་ལ་རྡུང་རྡེག་ཚ་ནན་གཏོང་དགོས།

    《བསམ་འཆར》ནང་བླང་བྱ་བཏོན་དོན། མངའ་ཁོངས་ནང་གི་རྡོ་ཐ་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། རྡོ་ཐ་རྫུན་བཟོའི་རྒྱུ་ཆ་དང་ཞོར་གཏོགས་རྒྱུ་ཆ་དང་རྡོ་ཐ་བཟོ་བའི་འཕྲུལ་ཆས་མཁོ་སྤྲོད་འཁོར་འབྲེལ་མེད་པར་བཟོ་བ་དང་། རྡོ་ཐ་རྫུན་བཟོའི་འབྱུང་རྩར་བཅོས་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་པ། རྡོ་ཐ་རྫུན་བཟོ་གཞན་སྒྱུར་དང་མ་ཁྱབ་སྔོན་འགོག་དང་ཚོད་འཛིན་ནན་པོ་བཅས་བྱེད་དགོས། ཉར་ཚགས་དང་། སྐྱེལ་འདྲེན། བསྐུར་སྐྱེལ་བཅས་རྡོ་ཐ་དང་འབྲེལ་བའི་ཁྲིམས་འགལ་ཐོན་རྫས་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། རྡོ་ཐ་ཆེད་འཚོང་སིལ་འཚོང་གི་ལག་ཁྱེར་ཡོད་མཁན་གྱིས་རྡོ་ཐ་དང་འབྲེལ་བའི་ཐོན་རྫས་ཁྲིམས་འགལ་ངང་འཚོང་རིགས་ལ་བཅོས་སྒྲིག་བྱེད་པ། རྡོ་ཐ་དང་འབྲེལ་བའི་ཁྲིམས་འགལ་གྱི་ཐོན་རྫས་སྣ་ཚོགས་འཚོང་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱེད་དགོས། དྲ་སྦྲེལ་ནས་ཁྲིམས་འགལ་ངང་རྡོ་ཐ་དང་འབྲེལ་བའི་ཐོན་རྫས་འཚོང་རིགས་གཙང་བཤེར་བཅོས་སྒྲིག་བྱེད་དགོས། གློག་རྡུལ་ཐ་མག་ལ་ལྟ་འདོམས་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་ངང་གློག་རྡུལ་ཐ་མག་ཐོན་སྐྱེད་དང་། སྡེབ་ཚོང་། སྐྱེལ་འདྲེན། བྲིན་འཚོང་བཅས་དང་། གློག་རྡུལ་ཐ་མག་ཕྱིར་བཏང་རྗེས་སླར་ཡང་ནང་འདྲེན་བྱེད་པ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ཐོན་སྐྱེད་ཀྱི་ཆོག་མཆན་མི་ཐོབ་པར་བྲིན་འཚོང་བྱས་པའི་གློག་རྡུལ་ཐ་མག་དང་། ཉི་ཀུའུ་ཏིང་། ཉལ་ཐ་གདུས་སོགས་ཀྱི་རྡོ་ཐ་དང་རྡོ་ཐའི་བུལ་གྱི་གྲུབ་ཆ་འདུས་པའི་རྡོ་ཐ་དང་འབྲེལ་བའི་ཐོན་རྫས་གཏན་འགོག་བྱེད་པ་དང་། ཁྲིམས་འགལ་ངང་རྡོ་ཐ་མེད་པའི་ཐ་མག་དང་། ཇ་ལོའི་ཐ་མག མེ་ཏོག་ཐ་མག་སོགས་ཕྱི་གཟུགས་དང་། སྤྱོད་ཐབས། བྱེད་ནུས་གཙོ་བོ་བཅས་རྡོ་ཐ་དང་འདྲ་བའི་ཐོན་རྫས་ཐོན་སྐྱེད་དང་ཐ་མག་བཟོ་བའི་འཕྲུལ་ཆས་འཚོང་བ་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།