རི་གྲོང་ལུང་ཁུག་ཏུ་གྲངས་གཞིའི་ཟུར་མཆན་པ་ཇེ་མང་དུ་འགྲོ་བཞིན་པ།
ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་པའེ་ཡུན་ཆུས་ཀྱི་གྲངས་གཞིའི་ཟུར་མཆན་སྐྱེད་སྲིང་རྟེན་གཞི་ཞིག་ཏུ་སྐྱོད་སྐབས། ཙིག་རྟགས་མནན་པའི་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་འོང་། རྣམ་གྲངས་ཀྱི་ཅིང་ལི་ཀྲའོ་ཡུས་ལའེ་ཡིས་ཚོགས་ཆུང་ནང་ཁུལ་གྱི་གཞོན་ནུ་ཚོར་གློག་ཀླད་ཀྱི་བརྙན་ཤེལ་ནས་འགྲོ་ལམ་གྱི་པར་རིས་དངོས་ཀྱི་རླངས་འཁོར་དང་། ལམ་ཟུར། གློག་སྒྲོན་དམར་ལྗང་བཅས་རེ་རེ་བཞིན་ལ་ཐིག་གྲུ་བཞི་རེ་འཐེན་རྗེས“སྒྲིབ་དངོས་མེད”ཅེས་དང“ལམ་རྒྱུད་ཀྱི་མཐོ་ཚད་ལི་སྨི་15”སོགས་ཀྱི་ཆ་འཕྲིན་གནད་ལ་འཁེལ་པོས་འགོད་བཞིན་ཡོད་པ་དང་། གཞོན་ནུ་གཞན་ཚོས་འགུལ་རིས་རེ་རེ་བཞིན་ལ་ཁ་གསབ་འགྲེལ་བཤད་བྱེད་བཞིན་འདུག
ཉེ་བའི་ལོ་ཤས་རིང་སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་དང་གྲངས་གཞིའི་གཙོ་རྒྱུ་ཁྲོམ་ར་ཅན་དུ་འགྱུར་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། སྤུས་ཚད་མཐོ་བའི་གྲངས་གཞི་ཕྱོགས་བསྒྲིགས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་ཡོད། རྒྱབ་ལྗོངས་དེའི་འོག ཀུའེ་ཀྲོའུ་རི་གྲོང་གྱི་རྫོང་དང་ཤང་དུ་གྲངས་གཞིའི་ཟུར་མཆན་རྟེན་གཞི་ཟམ་མི་ཆད་པར་མང་དུ་ཕྱིན་ཞིང་། གྲངས་གཞིར་ཟུར་མཆན་འགོད་པ་དེ་ཀུའེ་ཀྲོའུ་གཞོན་ནུའི་ལས་རིགས་གསར་པར་འགྱུར་བཞིན་ཡོད།
2025ལོར། ཀུའེ་ཀྲོའུ་ཡིས་བསྔགས་སྐུལ་སྲིད་ཇུས་བཏོན་ནས་གྲངས་གཞི་ཟུར་མཆན་ཁེ་ལས་ལ་བྱ་དགའ་སྤྲད་པ་སྟེ། ལོ་དེར་ཁེ་ལས་ཀྱི་གྲངས་གཞིའི་ཟུར་མཆན་ལས་ཞུགས་ཐེངས་དང་པོར་མི་གྲངས་300ཟིན་པའམ་ཡང་ན་ལས་གཉེར་ཡོང་འབབ་སྒོར་ཁྲི་3000ཟིན་ཚེ་བྱ་དགའ་སྒོར་ཁྲི་100རག་གི་ཡོད། ཁེ་ལས་ཀྱི་གཞི་ཁྱོན་ལ་གཞིགས་ནས་བྱ་དགའ་དེ་རིམ་པ་མང་པོར་དབྱེ་ནས་བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི་1000ཟིན་གྱི་ཡོད། “ང་ཚོས་ཁེ་ལས་ཀྱི་ཁྱད་ལྡན་གླིང་ཁུལ་མང་པོ་དང་སྨི་ངོས་གྲུ་ཁྲི་8ལྷག་ཙམ་ཟིན་པའི་པའེ་ཡུན་གྲངས་གཞིའི་བར་སྟོང་ཐོན་ལས་ཅན་གྱི་རྟེན་གཞི་བསྐྲུན་ཡོད། པའེ་ཡུན་ཆུས་ཀྱིས་གྲངས་གཞིའི་ཟུར་མཆན་རྟེན་གཞི་འགའ་ཞིག་འཆར་འགོད་བྱས་ནས་སྔོན་དཔག་བྱས་ན་མི་གྲངས་5000ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་རྒྱུ་རེད”ཅེས་པའེ་ཡུན་ཆུས་ཀྱི་གྲངས་གཞི་ཆེན་པོའི་འཕེལ་རྒྱས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝུའུ་ལི་ཧའོ་ཡིས་ངོ་སྤྲོད་བྱས།
“གཞི་ཁྱོན་ཆེ་བའི་ཐོན་ལས་ཀྱི་བཀོད་ཇུས་འདི་ལྟ་བུ་འདེགས་སྐྱོར་བྱེད་པར་ཤེས་ལྡན་པ་ནི་འགག་རྩ་རེད”ཅེས་ཝུའུ་ལི་ཧའོ་ཡིས་བཤད་པ་དང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་ཆེད་པའེ་ཡུན་ཆུས་ཀྱིས་ས་གནས་དེ་གའི་གྲངས་གཞི་ཆེན་པོའི་ཆེད་ལས་ཡོད་པའི་སློབ་གྲྭ་མང་པོ་དང་འབྲེལ་བ་བཙུགས་ནས་ཁེ་ལས་ལ་ཤེས་ལྡན་པ་སྐོང་བསྡུ་བྱས་པ་མ་ཟད། ཁེ་ལས་ཀྱིས་ཀྱང་གྲངས་གཞིའི་ཐོན་ལས་ཀྱི་འབྲེལ་ཡོད་ཆེད་ལས་ཤེས་ལྡན་པར་ལག་ལེན་གྱི་གོ་སྐབས་དང་ལས་རིགས་འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་ཡོད་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་པའི་གློག་འཕྲིན་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།