ཝེ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།
ལི་ཡུས་ཆིང་ཚའོ།

ད་ལོའི་ཟླ་4པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་རིང་། ཝེ་ཐེ་ནམ་གྱི་གཞོན་ནུ་སློབ་མའི་འཐུས་མི་ཡིན་པའི་ང་རང་ལ་ཧ་ནོ་དབྱི་རྒྱལ་ཁབ་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་སློབ་གྲོགས་ཚོ་དང་མཉམ་དུ་ཧ་ནོ་དབྱི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཝེ་ཀྲུང་མི་དམངས་ཀྱི་མཉམ་སྤྲོ་ཆེན་པོའི་བྱེད་སྒོར་ཞུགས་པའི་གོ་སྐབས་བཟང་པོ་ཐོབ་བྱུང་། ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེ་བདེན་དཔང་ཐུབ་པ་དང་འབྲེལ། ཕྱི་འབྲེལ་གྱི་བྱེད་སྒོ་གལ་ཆེན་དེ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་མཇལ་རྒྱུ་བྱུང་བ་ནི་ངའི་ངོས་ནས་བརྗོད་ན་བརྗེད་པར་དཀའ་བའི་མྱོང་བ་ཞིག་ཡིན་པ་ཨ་ཅང་བརྗོད་མེད་ཡིན།
2023ལོའི་ཟླ་12པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་སྐབས། ངས་ཝེ་ཐེ་ནམ་གྱི་གཞོན་ནུ་ཚོའི་ཚབ་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་མྱོང་ཡོད།
ཝེ་ཀྲུང་མི་དམངས་ཀྱི་མཉམ་སྤྲོ་ཆེན་པོའི་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་སྒམ་ནན་ཆེ་ལ་འཁྲུག་ཆ་དོད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་ལྷན་དུ་ཚོགས་རར་ཕེབས་སྐབས། ཝེ་ཀྲུང་ལས་རིགས་ཁག་གི་མཛའ་གྲོགས་མི་སྣས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་སོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝེ་ཐེ་ནམ་གྱི་སློབ་མའི་འཐུས་མིའི་ཕྱོགས་སུ་ཕེབས་ནས་ང་ཚོར་ཕྱག་བཏང་གནང་བྱུང་། སྐབས་དེ་དུས་ང་ལ་ཁོང་ནི་བྱམས་བརྩེ་ལྡན་ལ་མཛའ་གྲོགས་ཆེ་བ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིས་ཚིག་སྒྲོན་སྐབས། གཞོན་ནུ་ནི་བྱ་གཞག་གི་འབྱུང་འགྱུར་དང་རེ་བ་ཡིན་ཞེས་གསུངས་པ་དང་སྦྲགས། ཀྲུང་གོ་ཕྱོགས་ཀྱིས་སླད་ཕྱིན་ལོ་གསུམ་རིང་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར“གསར་བརྗེའི་ཞིབ་སློབ་བྱེད་པར་ཡོང་རྒྱུའི”གདན་ཞུ་བྱེད་ཀྱི་ཡིན་ཞེས་གསུངས་ཀྱི་འདུག དེ་ལས་ང་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་རྒྱ་ཡིག་སློབ་སྦྱོང་བྱེད་པའི་སེམས་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་སོང་། ང་ལ་ན་གཞོན་མི་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་ཝེ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་དགོས་པའི་མྱོང་ཚོར་ཆེན་པོ་བྱུང་།
ཉེ་བའི་ལོ་ཤས་རིང་ཝེ་ཐེ་ནམ་དུ་རྒྱ་ཡིག་སྦྱོང་བའི་ཚ་རླབས་རྒྱུན་མཐུད་འཕྱུར་ཞིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཝེ་ཐེ་ནམ་དུ་ལོ་ལྟར་མི་ཐེངས་ཁྲི་10ཙམ་རྒྱ་ཡིག་ཆུ་ཚད་ཀྱི་རྒྱུགས་ལེན་ནང་ཞུགས་ཀྱི་ཡོད། སློབ་གྲྭ་ཆེ་མོར་རྒྱ་ཡིག་ཆེད་ལས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། སློབ་གྲྭ་འབྲིང་ཆུང་ཁག་གཅིག་གིས་ཀྱང་རྒྱ་ཡིག་དེ་སློབ་ཁྲིད་མ་ལག་ནང་བཅུག་ཡོད། རྒྱ་ཡིག་ཁོང་དུ་ཆུད་ཚེ་ལས་ཞུགས་ཀྱི་གོ་སྐབས་བཟང་པོ་དེ་བས་མང་དུ་འགྲོ་བ་མ་ཟད། རྒྱ་ཡིག་ཆེད་ལས་དེ་ཡང་སྲོལ་རྒྱུན་གྱི་སྐད་ཡིག་སློབ་སྦྱོང་ནས་སྤྱི་ཚོགས་ཀྱི་དགོས་མཁོའི་བར་འཕེལ་རྒྱས་བྱུང་ཡོད།
ང་དང་རྒྱ་ཡིག་གི་ལས་འབྲེལ་ནི་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་གྱི་བརྩམས་ཆོས་ལས་བྱུང་། བརྩམས་ཆོས་དེ་དག་གི་པར་རིས་མཛེས་པ་དང་བརྗོད་བྱ་ཕུན་སུམ་ཚོགས་ཤིང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་ཆེ་བའི་མངོན་ཚུལ་དེ་དག་གཞོན་ནུ་ཚོའི་སེམས་ཁམས་ཀྱི་དགོས་མཁོ་དང་མཐུན་པོ་འདུག རྒྱ་ཡིག་ལ་དགའ་པོ་ཡོད་པས་ངས་ཧ་ནོ་དབྱི་རྒྱལ་ཁབ་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་ཏུ་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུའི་གདམ་ག་བྱས་པ་ཡིན། དེ་ལས་ཀྲུང་གོའི་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་བྱུང་ལ། མི་ཚེའི་དམིགས་ཡུལ་ཡང་ཁ་གསལ་དུ་ཕྱིན་སོང་། འབྱུང་འགྱུར་ངས་རྒྱ་ཡིག་སློབ་སྦྱོང་བྱས་ནས་ཐོབ་པའི་སྤྲོ་སྣང་མུ་མཐུད་མཉམ་སྤྱོད་བྱས་ཏེ། ཝེ་ཐེ་ནམ་གྱི་སློབ་མ་དེ་བས་མང་པོར་ཝེ་ཀྲུང་གི“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”མཛའ་གྲོགས་སྐོར་ཤོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
(རྩོམ་པ་པོ་ནི་ཝེ་ཐེ་ནམ་ཧ་ནོ་དབྱི་རྒྱལ་ཁབ་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་སློབ་མ་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་པའེ་ཞའོ་ཁྲོན་གྱིས་བཅར་འདྲི་ལེགས་སྒྲིག་བྱས)
འབྲེལ་ཡོད་གསར་འགྱུར།