དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་རོགས་ཟླའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-20

    ཉེ་ཆར། “རོགས་ཟླའི་མཉམ་སྒྲུབ་ལ་ཤུགས་སྣོན་བརྒྱབ་ནས་དབུལ་པོ་ཉུང་གཏོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ”བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་རོགས་ཟླའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་20ལྷག་ཙམ་གྱི་འཐུས་མི་མཉམ་དུ་འཛོམས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ“དབུལ་ཕོངས་སེལ་བར”དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    དབུལ་ཕོངས་སེལ་བ་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དཀའ་གནད་ཅིག་ཡིན་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་དམིགས་ཡུལ་ཡང་ཡིན། མིག་སྔར། གོ་ལ་ཧྲིལ་པོའི་དབུལ་ཕོངས་བཅོས་སྐྱོང་ལ་འགྲན་སློང་གསར་པ་འཕྲད་ཅིང་། གནམ་གཤིས་འགྱུར་ལྡོག་དང་། ས་ཁུལ་གྱི་གདོང་གཏུག དཔལ་འབྱོར་འཕེལ་རྒྱས་འགོར་དུ་ཕྱིན་པ་སོགས་ཀྱིས་རྐྱེན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་དོན་འཁྱོལ་བྱེད་པར་ངེས་གཏན་མིན་པའི་རང་བཞིན་མང་པོ་ཐོན་ཡོད། ཚོགས་ཞུགས་འཐུས་མི་ཚོས་ངོས་འཛིན་གཅིག་མཐུན་བྱས་དོན། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་འགྲན་སློང་གི་མདུན་དུ་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་མཉམ་ལས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན། ཕྱོགས་ཁག་གིས་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པ་དང་མཉམ་ལས་བྱ་ཐབས་གསར་གཏོད་བྱས་ཏེ། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན།

    ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི་འཐུས་མི་ཉི་ཧྭ་ཡིས། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚུད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིས་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་དབར་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། “དབུལ་པོ་ཉུང་གཏོང་གི་ཁྱབ་ཁོངས་སུ་ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དེས་དབུལ་པོ་ཉུང་གཏོང་གི་བྱ་གཞག་དེ་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་བརྩོན་ལ་བརྟེན་ནས་མངོན་འགྱུར་བྱུང་བ་ར་འཕྲོད་ནུས་ལྡན་ཐུབ་ཡོད”ཅེས་བརྗོད།

    ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འཐུས་མི་ཁཱ་ལོ་སི·ཨར་ཏེ་ཁོ་ཡིས་བརྗོད་དོན། དབུལ་ཕོངས་དངོས་འབྲེལ་སེལ་བར་ངེས་པར་དུ་ཞིང་ལས་འབྲུ་རིགས་མ་ལག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་མི་གཅིག་ཀྱང་མ་ལུས་པ་བྱེད་དགོས། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་བསྡུ་རུབ་ཀྱི་བྱེད་སྒོ་དེ་ཉིད་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡོངས་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་ནང་སྡེ་ཁུལ་གྱི་དཀའ་གནད་དངོས་སེལ་བའི་ཐག་གཅོད་ཇུས་གཞི་ཏན་ཏིག་བཀོད་དེ། དེ་དག་ལས་ཇི་ལྟར་བྱས་ནས་ལེགས་གྲུབ་ལྡན་པའི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུར་བློ་སྒོ་ཕྱེ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།