དབང་སྐྱོན་གཞོན་ནུའི་རྒྱུག་ཤེད། གཞན་གྱིས་འགྲན་ཟླ་མི་ཆོག

འདི་ནི་ཟླ་12ཚེས་2ཉིན། བསོད་ནམས་རྒྱལ་མཚན་གྱིས(གཡོན་གྱི་དང་པོ)བོད་རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་སུ་སྦྱོང་བརྡར་བྱེད་བཞིན་པ།

འདི་ནི་ཟླ་12ཚེས་11ཉིན། རྒྱལ་ཡོངས་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་ཨོ་ལིམ་ཕིག་གི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་གྱི་ལོ་16ནས་21བར་གྱི་སྐྱེས་པའི་ཚོ་ཆུང་གི་སྨི་800ཡི་མཐའ་བསྡུར་ཚོགས་ཆུང་བདུན་པའི་བྱ་དགའ་སྤྲོད་པའི་མཛད་སྒོར་བསོད་ནམས་རྒྱལ་མཚན(དཀྱིལ)གྱིས་གསེར་གྱི་རྟགས་མ་སྟོན་བཞིན་པ།
གནམ་སའི་མཚམས་སུ་སྐྱ་མདའ་གཏོང་བའི་སྐབས། བསོད་ནམས་རྒྱལ་མཚན་གྱིས་མིག་ཟུམ་ཟུམ་ངང་ཤར་ལ་བལྟ་ཙམ་བྱས་ཏེ་མིག་ཤེལ་ནག་པོ་བཏགས་ཤིང་། དགུན་དུས་ལྷ་སའི་ཞོགས་པ་གྲང་ཟུག་ཆེ་ཡང་། ལོ་19ལ་སླེབས་པའི་བོད་རིགས་ལུས་རྩལ་པ་དེས་ཞོགས་པའི་སྦྱོང་བརྡར་བྱེད་འགོ་ཚུགས།
“དེ་རིང་ཞོགས་པའི་རྒྱུག་ཤར་གློད་ཚར་སོང་། སང་ཉིན་ཀོང་ཏུང་ལ་ཐོན་དགོས”ཞེས་རྩལ་ཁྲིད་དགེ་རྒན་ཐུབ་བསྟན་སྐལ་བཟང་གི་སྐད་ཆ་དེ་ཐོས་སྐབས། བསོད་ནམས་རྒྱལ་མཚན་གྱིས་ཁུ་ཚུར་སྒྲིལ་བཞིན་ཉིན་མ་དེ་གཞི་ནས་ཤར་སོང་སྙམ། མ་གཞི་མིག་ཤེད་སྐྱོ་ལ་རིག་པ་དེ་ཙམ་སྐྱེན་པོ་མེད་ཀྱང་བསོད་ནམས་རྒྱལ་མཚན་གྱིས་རྒྱལ་ཡོངས་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཐེངས་དང་པོར་སྐྱོད་དེ་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་བཞིར་ཞུགས་རྒྱུ་རེད།
བསོད་ནམས་རྒྱལ་མཚན་གྱི་ཕ་ཡུལ་བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་གྲོང་ཁྱེར་དུ་ཡོད་པ་དང་། ཆ་སྙོམས་ས་བབ་སྨི་4500ཡོད། ཁོང་གི་ཕ་ཡུལ་གནས་སའི་ས་མཐོར་ཉི་འོད་ཧ་ཅང་དྲོ་ན་ཡང་། ཉི་འོད་འོག་ཏུ་རྒྱུག་ཤར་གློད་རྒྱུ་དེ་ཁོ་ལ་བསྐོས་མེད།
“ཆུང་དུས་དམིགས་བསལ་སློབ་གྲྭར་ཚང་མས་ང་ལ་འུག་པ་ཞེས་འབོད་ཀྱི་ཡོད”ཅེས་བསོད་ནམས་རྒྱལ་མཚན་གྱིས་མིག་ཤེལ་འཕྱིད་ཞོར་དུ་བཤད། མིང་འདོགས་དེས་ཁོང་གི་མིག་ཤེད་སྐྱོ་བའི་ཁྱད་ཆོས་མངོན་པ་སྟེ། ཉིན་མོར་གསལ་པོ་དེ་ཙམ་མི་མཐོང་ཡང་། མཚན་མོར་ཅུང་གསལ་པོ་མཐོང་བས་རེད།
ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་དགེ་རྒན་ཐུབ་བསྟན་སྐལ་བཟང་གིས“བསོད་ནམས་རྒྱལ་མཚན་གྱི་མིག་ཤེད་སྐྱོ་ཡང་། རྐང་ལག་ཐང་ལ་རིང་བས། རྒྱུག་ཤར་མགྱོགས་པོ་ཡོད”ཅེས་བསོད་ནམས་རྒྱལ་མཚན་ལ་རྟག་ཏུ་བསྔགས་བརྗོད་བྱེད་ཀྱི་ཡོད།
བསོད་ནམས་རྒྱལ་མཚན་གྱི་ཕ་ཚེ་རིང་སྟོབས་རྒྱལ་གྱིས་དང་ཐོག་རང་ཉིད་ཀྱི་ཕྲུ་གུ་མཆོང་རྒྱུག་འཕེན་གསུམ་སྦྱོང་བརྡར་ནང་གཏོང་འདོད་མེད། གང་ལགས་ཤེ་ན། ཁོང་གིས་རང་ཉིད་ཀྱི་ཕྲུ་གུར་རྨས་སྐྱོན་ཕོག་སྲིད་སྙམ་པ་དང་། མཆོང་རྒྱུག་འཕེན་གསུམ་གྱི་སྦྱོང་བརྡར་ཕྲུ་གུར་དེ་ཙམ་འཚམ་པོ་མེད་སྙམ་གྱི་ཡོད། ཚེ་རིང་སྟོབས་རྒྱལ་དུས་རབས་གོང་མའི་ལོ་རབས་80པར་སྐྱེས་པ་དང་། སྐབས་དེ་དུས་དབང་སྐྱོན་ལུས་རྩལ་བྱ་གཞག་འགོ་བཙུགས་མ་ཐག་ཡིན་སྟབས། འབྲེལ་ཡོད་ལུས་རྩལ་གྱི་བྱེད་སྒོ་མང་ན་ཡང་གཞི་རྩའི་ལུས་ཁམས་སླར་གསོའི་དགོས་མཁོར་གཙོ་བོར་དམིགས་པ་ཞིག་ཡིན་སྟབས། གཞི་ཁྱོན་ཆུང་ལ་ཁེབས་རྒྱ་དེ་ཙམ་ཆེན་པོ་མེད།
བསོད་ནམས་རྒྱལ་མཚན་རྒྱུག་ཤར་ནང་ཞུགས་ཆེད། ཐུབ་བསྟན་སྐལ་བཟང་གིས་ཁོང་གི་ཁྱིམ་ལ་ཡང་སེ་འཚམས་འདྲི་བྱེད་པར་བསྐྱོད་ནས། མཐར་རྩལ་ཁྲིད་དགེ་རྒན་གྱི་ལྷག་བསམ་ཟོལ་མེད་ཀྱིས་ཕ་ཚེ་རིང་སྟོབས་རྒྱལ་ལ་སེམས་འགུལ་ཐེབས་ཏེ་རང་ཉིད་ཀྱི་ཕྲུ་གུ་རྒྱུག་ཤར་གློད་པར་གཏོང་རྒྱུའི་མོས་མཐུན་བྱས།
ཐོག་མར་སྦྱོང་བརྡར་བྱེད་སྐབས་བསོད་ནམས་རྒྱལ་མཚན་གྱིས་མིག་ཟུམ་བཞིན་རྒྱུག་ཤར་གློད་ཅིང་། ཁོང་གིས་གསལ་པོར་མཐོང་གི་མེད་སྟབས། རྒྱུག་ཤར་གློད་ཕོད་ཀྱི་མེད།
ཐུབ་བསྟན་སྐལ་བཟང་གིས་བསོད་ནམས་རྒྱལ་མཚན་ལ་བསྒྲིགས་པའི་མིག་ཤེལ་ནག་པོ་བཏགས་རྗེས། གཞི་ནས་རྒྱུག་ཤར་གློད་རྒྱུའི་བློ་ཁོག་སྐྱེས།
རྒྱུག་ཤར་ཡག་པོ་ཡོད་པའི་རྐྱེན་གྱིས་བསོད་ནམས་རྒྱལ་མཚན་བོད་ཀྱི་འཐུས་མིའི་རུ་ཁག་ནང་བདམས་ཏེ་རྒྱལ་ཡོངས་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུག་ཤར་འགྲན་བསྡུར་ལ་ཞུགས་ཡོད།
བསོད་ནམས་རྒྱལ་མཚན་ཀོང་ཏུང་ལ་བསྐྱོད་ནས་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་ནང་ཐེངས་དང་པོར་ཞུགས་སྐབས། མེ་མདའི་སྒྲ་གྲགས་མ་ཐག་བསོད་ནམས་རྒྱལ་མཚན་གྱི་ཤུགས་གང་ཡོད་ཀྱིས་མདུན་དུ་རྒྱུགས། ད་རེས་ཀྱི་འགྲན་བསྡུར་ལ་བསོད་ནམས་རྒྱལ་མཚན་གྱིས་མིག་ཤེལ་ནག་པོ་མ་བཏགས་པར་རང་ཉིད་ཀྱི་གཟུགས་པོའི་རེག་ཚོར་ལ་བརྟེན་ནས་རྒྱུགས། དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་ལོ་16ནས་21བར་གྱི་ཚོ་ཆུང་གི་སྨི་800ཡི་ཚོགས་ཆུང་བདུན་པའི་འགྲན་བསྡུར་ནང་། བསོད་ནམས་རྒྱལ་མཚན་གྱིས་མཐའ་མའི་རྒྱལ་ཁ་བླངས་ཡོད།
ལྷོ་ཕྱོགས་ཡུལ་གྱི་ཉི་འོད་འོག སྔོན་མ“འུག་པ”ཞེས་མིང་ཐོབ་པའི་བསོད་ནམས་རྒྱལ་མཚན་རྒྱུགས་ཤར་མཁས་པ་ཞིག་ཏུ་གྱུར།
བསོད་ནམས་རྒྱལ་མཚན་མཆོང་རྒྱུག་འཕེན་གསུམ་གྱི་སྦྱོང་བརྡར་ལ་ཞུགས་པའི་ལོ་ལྔ་ནི་བོད་རང་སྐྱོང་ལྗོངས་ཀྱིས“ཕྱིར་བསྐྱོད་པ་དང་ནང་དུ་གདན་འདྲེན་པའི”ཐབས་ཇུས་ལག་ལེན་བསྟར་བའི་ལོ་ལྔའང་ཡིན། བསོད་ནམས་རྒྱལ་མཚན་ལ་རྒྱལ་ཡོངས་ཀྱི་རྩེར་སོན་པའི་སྤེལ་རེས་སྦྱོང་བརྡར་གྱི་གོ་སྐབས་ཐེངས་མང་ཐོབ་མྱོང་བ་མ་ཟད། ད་ལོ་ཤིན་ཅང་དུ་སྦྱོང་བརྡར་བྱེད་པའི་གོ་སྐབས་རག་པ་དེས“མཁས་པའི་ནང་དུ་མཁས་པ”ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ལ། དེས་ཁོང་གི་བློ་རྩེ་གཅིག་སྒྲིམ་གྱིས་མདུན་ཕྱོགས་སུ་བསྐྱོད་རྒྱུའི་སྤོབས་སེམས་ཆེ་རུ་ཕྱིན་ཡོད།
ད་ཐེངས་ཀྱི་རྒྱལ་ཡོངས་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས། བོད་ཀྱི་འཐུས་མིའི་རུ་ཁག་གི་ལུས་རྩལ་པ་73 མཆོང་རྒྱུག་འཕེན་གསུམ་དང་། རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོ། ལྗིད་འདེགས་སོགས་རྣམ་གྲངས་ཁག་9ཡི་འགྲན་བསྡུར་ནང་ཞུགས་ཡོད། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་དྲ་རྒྱ་བཙུགས་ནས། རྣམ་གྲངས་ཀྱང་རྒྱུན་གཏན་གྱི་མཆོང་རྒྱུག་འཕེན་གསུམ་དང་ཐེ་ཆོན་ཏའོ་དྲག་རྩལ་ནས་ཁྱད་ཆོས་ལྡན་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་སྤོ་རིལ་དང་རྐུབ་སྟེགས་འཁོར་ལོ་ནས་བི་ཤུ་འཕེན་པ་སོགས་བར་རྣམ་གྲངས་བཅུ་ལྷག་ཙམ་བཀོད་སྒྲིག་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།