དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་སྔོན་ཞིང་ཆེན་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་གྲངས་75.1བར་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-20

    ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འཕྲོད་བསྟེན་བདེ་ཐང་ཆེད་དོན་འདུ་ཚོགས་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཞིང་ཆེན་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་དང་མི་དམངས་ཀྱི་བདེ་ཐང་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་2020ལོའི་ལོ་73.97ནས་2024ལོའི་ལོ་75.1བར་འཕར་བ་དང་། ཡུལ་མིའི་བདེ་ཐང་བྱང་ཚད་16.35%ནས་25.48%བར་མཐོ་རུ་སོང་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་སྔར་བས་ཉེ་བར་གྱུར་ཡོད།

    མཚོ་སྔོན་གྱིས་བུ་བཙའ་མཛའ་མཐུན་ཅན་གྱི་སྤྱི་ཚོགས་སྐྲུན་མགྱོགས་སུ་བཏང་བ་དང་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། བུ་བཅོལ་ཞབས་ཞུའི་ལས་དོན་ཧུར་ཐག་སྤེལ་ནས་མིག་སྔའི་བར་མི་འབོར་ཆིག་སྟོང་གི་བཅོལ་གནས་གྲངས་འབོར་4.57ཟིན་པས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད། ཞིང་ཆེན་དེས་རྒྱལ་ཡོངས་སུ་2025ལོ་འཁོར་གྱི་བུ་སྐྱོང་ཁ་གསབ་སྤྲོད་པའི་ལས་དོན་སྔོན་ལ་སྤེལ་བའི་ཁར་ལེགས་པར་བསྒྲུབས་ཤིང་། ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5.4སྤྲད་ནས་ཕྲུ་གུ་དམར་འབྱར་ཁྲི་17ལ་ཕན་པ་ཐོབ་ཡོད། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་བཅག་ནས་ངལ་རྩོལ་གྱི་ནུས་པ་ཤོར་བའི་རྒན་རྒོན་གྱི“བདེ་ཐང་སྒོ་རྡུང་བྱ་སྤྱོད”དང་རྒན་རྒོན་གྱི་གླེན་ནད་འགོག་བཅོས་སྐུལ་སྤེལ་བྱ་སྤྱོད་ལག་བསྟར་བྱས་ཏེ། རེ་ཞུ་བྱས་པའི་ལོ་65དང་དེ་ཡན་གྱི་ངལ་རྩོལ་ནུས་པ་ཤོར་བའི་རྒན་རྒོན་ལ་རིན་མེད་ངང་སྒོ་རྩར་བདེ་ཐང་གི་ཞབས་འདེགས་ཞུས་ཏེ་ཁོང་ཚོའི་ཁྱིམ་སྡོད་འཚོ་བའི་སྤུས་ཚད་ལེགས་སུ་ནུས་ལྡན་བཏང་ཡོད།

    ཞིང་ཆེན་དེ་ཡོངས་ཀྱི་ཀྲུང་ལུགས(བོད་ལུགས)གསོ་རིག་གཞུང་འཁྱོངས་གསར་འབྱེད་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་ནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཕན་འབྲས་སྔར་བས་མངོན་གསལ་དོད་པོ་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས(བོད་ལུགས)གསོ་རིག་གི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་མཐོ་རུ་བཏང་བ་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཐུན་སྦྱོར“ལྟེ་གནས”སྨན་ཁང་། ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་གཙོ་གནད་སྨན་ཁང་སོགས་རྣམ་གྲངས་གལ་ཆེན་སྔ་རྗེས་སུ་ལག་ལེན་བསྟར་ཡོད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཀྲུང་ལུགས(བོད་ལུགས)སྨན་ཁང་ཕྱོགས་ཡོངས་ལ་ཁྱབ་པ་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་100%ཡིས་ཀྲུང་ལུགས(བོད་ལུགས)གསོ་རིག་གི་ཞབས་ཞུ་མང་པོ་བྱེད་ཐུབ་པས། ཀྲུང་ལུགས(བོད་ལུགས)གསོ་རིག་གི་ཁྱད་ལྡན་ཞབས་ཞུའི་ཁྱབ་ནུས་རང་བཞིན་རྒྱུན་མཐུད་ཆེ་རུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།