དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་བབ་ལ་སྟངས་འཛིན་ཡང་དག་བྱས་ནས་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་དུ་གཏོང་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2025-12-20

    “ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུ་ཉེར་ཡོད་པ་དང“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ལ་ཉེ་བའི་དུས་མཚམས་གལ་ཆེན་འདིར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་གྱི་དོན་སྙིང་ལ་སྟངས་འཛིན་ཏན་ཏིག་བྱེད་པ། མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བཅས་བྱས་ཁར། 2026ལོའི་དཔལ་འབྱོར་ལས་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ང་ཚོའི་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་དུ་བཏང་བ་དང་སྦྲགས། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བསམ་བློ་དང་བྱ་སྤྱོད་ཀྱི་སྟོབས་ཤུགས་ཆེན་པོ་བསྣན་ཡོད།

    རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་ནི་འགག་སྒྲོལ་དཀའ་སེལ་གྱིས་འབད་འཐབ་ལྷོད་མེད་བྱས་པ་ལས་བྱུང་བ་ཞིག་རེད། 2025ལོ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་། ཐབས་ཇུས་ཕྱོགས་བསྡུས་ངང་ལག་ལེན་བསྟར་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་པ་སྟེ། དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་འཕར་བ་དང་། ནུས་ལྡན་མ་འཇོག་རྒྱུན་མཐུད་རྒྱ་སྐྱེད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་ཕྱིན་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་ཕྱིན་པ་བཅས་བྱུང་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་ཡོང་ཉེར་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པ་འགོ་འཛུགས་ས་གསར་པར་སླེབས་ཡོད།

    རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་ནི་དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་ལས་བྱུང་བ་ཞིག་རེད། ཆོས་ཉིད་ངོས་འཛིན་དང་། ཆོས་ཉིད་ལ་བརྩི་སྲུང་། ཆོས་ཉིད་བེད་སྤྱོད་བཅས་བྱེད་པ་ནི་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ང་ཚོས་མི་དམངས་དང་དུས་རབས་ཀྱི་རེ་བ་སྟོང་ཟད་དུ་མི་བཏང་བའི་ཕུལ་བྱུང་གི་རྒྱུགས་ཤོག་ཅིག་ཕུལ་ཐུབ་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཕྱོགས་གཅིག་ནི་ལག་ལེན་ཁྲོད་བོད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཐུབ་ཚུལ་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ་དེ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུས་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དེ་དག“ངེས་པར་དུ་དགུར”ཚད་མཐོའི་སྙིང་བསྡུས་བྱས་ཡོད། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དང་ཉམས་མྱོང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་ཞིག་ཡིན་པ་དང་། ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དགུ་པོ་ཕན་ཚུན་འབྲེལ་མཐུད་དང་གཅིག་ལ་གཅིག་བརྟེན་ཡིན་པ། ཐུན་མོང་གི་དམིགས་ཕྱོགས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི“བསྙོན་མེད་དོན་དམ”ཡིན་པ་དེར་ཁྲིད་སྟོན་གྱི་རང་བཞིན་དང་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ། བློ་བརྟན་འགྱུར་མེད་ངང་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་ཤེས་རྟོགས་སྨྲ་བ་དང་བརྟག་ཐབས་སྨྲ་བའི་ཚུལ་ལུགས་གལ་ཆེན་མཁོ་འདོན་བྱས་ཡོད། དེས་ན་ང་ཚོས་ངེས་པར་དུ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

    རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་ནི་མིག་སྔའི་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་བཅད་པ་ལས་བྱུང་བ་ཞིག་རེད། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ལ་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ་ནི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་རེད། རྒྱལ་ཁབ་ཀྱི་འཐབ་ཇུས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་ཆེ་ཤོས་རེད། རྒྱལ་ཁབ་ཀྱི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་དང་ལྷག་པར་དུ་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ནི་བོད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་སྲིད་ཇུས་ཀྱི་འགན་ལེན་ཆེ་ཤོས་རེད། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་རེད། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག་ལེགས་པ། དམིགས་བསལ་གྱི་འཐབ་ཇུས་གནས་བབ་བཅས་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མཐུན་རྐྱེན་ཡག་ཤོས་རེད། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཏོན་པའི་སྤྱིའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། “བརྟན་པོ”གཞི་རྟེན་དུ་བྱེད་པ། “མདུན་སྐྱོད”ལ་བརྟེན་ནས་འགྱུར་ལྡོག་ཡོང་ཐབས་བྱེད་པ། “དོན་ཆེན་བཞི”མུ་མཐུད་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་པ། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལེགས་ཆ་འདོན་སྤེལ་ཡག་པོ་དང་། སྔོན་དཔག་ཁྲིད་སྟོན་ཡག་པོ། གནས་བབ་སྲ་བརྟན་ཡག་པོ་བཅས་ཡོང་བ་བྱེད་དགོས།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་དོན་དངོས་ལ་གཞི་ཚུགས་པ། ཆོས་ཉིད་གཞིར་བཟུང་ལས་དོན་སྒྲུབ་པ། གོ་སྐབས་དམ་འཛིན། གསར་འབྱེད་ཡར་བརྩོན་བཅས་བྱས་ན། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ལེགས་གྲུབ་བྱུང་ནས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།