དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་ལྗོངས་ཡོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

    ནུས་སེམས་གཅིག་སྒྲིལ་འཆར་གཞི་ཡག་པོ་འགོད། འབད་འབུངས་ཡར་བརྩོན་རྣམ་པ་གསར་པ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-20

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ད་ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་མིག་སྔའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་ཆབས་ཅིག སང་ལོའི་དཔལ་འབྱོར་ལས་དོན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་པས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས། བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། སྤྲོ་སེམས་དེ་བས་འཁོལ་བ་དང་། དཔའ་ངར་དེ་བས་ཆེར་སྐྱེད་ཀྱི་འཐབ་སེམས། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན་ཞེས་བརྗོད་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དེའི་ཐད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ཀྲང་ཧུའེ་མིང་གིས། ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱིས“ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི”གཙོ་རྐང་ལ་དམ་འཛིན་ནན་པོ་བྱས་ཏེ། “ས་བབ་མཐོ་བ་དང་། ཉི་འོད་འཕྲོ་ཤུགས་ཆེ་བ། དྲོད་ཁྱད་ཆེ་བ། སྐྱེ་ཁམས་གཙང་བ་བཅས་ཀྱི་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས། ནས་དང་འབྲི་གཡག་སོགས་ལེགས་ཆའི་ཐོན་ལས་ལ་དམིགས་པ་དང་། ས་ཁོངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཚད་གཞི་མཐོ་བའི་ས་ཞིང་དང་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་མགྱོགས་མྱུར་སྐྲུན་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་བཅས་བྱས་ནས་ཐོན་ལས་མཉམ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    “ཚོགས་འདུའི་ཐོག་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་མཛེས་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་ནན་བཤད་བྱས་ཡོད། དེས་ང་ཚོར་2026ལོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་ལི་སང་གིས་བརྗོད་པ་དང་། ཁོང་གིས། སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། “རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པ”དམ་འཛིན་བྱ་གཞིར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཕྱོགས་སྒྱུར་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱས་ནས། སྐྱེ་ཁམས་ཐོན་ལས་དང་། ལྗང་མདོག་ཐོན་ལས། ཐཱན་བསྡུས་དཔལ་འབྱོར་བཅས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། མཛེས་པའི་བོད་ལྗོངས་འཛུགས་སྐྲུན་གྱི“1+8”ཀྱི་ལག་བསྟར་མ་ལག་དོན་འཁྱོལ་མགྱོགས་པོ་བྱས་ནས། བརྗིད་ཆེའི་དཔལ་འབྱོར་དང་། མཛེས་པའི་གྲོང་ཁྱེར། མཛེས་པའི་གྲོང་གསེབ། མཛེས་པའི་གནམ་སྔོན(ཆུ་མཚོ) མཛེས་པའི་རི་ཀླུང(འདམ་ར) མཛེས་པའི་འགག་སྒོ མཛེས་པའི་གཞུང་ལམ། མཛེས་པའི་བོད་ལྗོངས་བཅས“རང་ཉིད་ནས་འགོ་འཛུགས་པར”ཕྱོགས་ཡོངས་ནས་སྐུལ་འདེད་ཤུགས་ཆེན་བཏང་སྟེ། བོད་ལྗོངས་དབྱེ་འབྱེད་བྱེད་ཤུགས་དང་ཤུགས་རྐྱེན་ལྡན་པའི་མཛེས་པའི་བོད་ལྗོངས་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་འདོན་པ། སྦགས་བཙོག་འགོག་བཅོས་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ལེགས་སྒྱུར་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ། གནམ་སྔོན་དང་། ཆུ་དྭངས། ས་གཙང་། སྙིགས་སེལ་བཅས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ཡག་པོ་བརྒྱབ་སྟེ་བོད་ཀྱི་གནམ་དེ་བས་སྔོ་བ་དང་། ཆུ་དེ་བས་དྭངས་བ། ས་དེ་བས་གཙང་བ། ཡུལ་ལྗོངས་དེ་བས་མཛེས་པ་བཅས་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད།

    ཚོགས་འདུའི་ཐོག་དེང་རབས་ཞབས་ཞུ་སོགས་ཐོན་ལས་ཆེན་པོ་དགུ་པའི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ལས་གཏོད་སློབ་ཆེན་སློབ་མ་ཆོས་སྐྱིད་སྒྲོལ་མར་མྱོང་ཚོར་ཟབ་མོས“ད་ལོའི་ཟླ་6པར་ངས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་དུ་ཀོག་ཧྥེ་ཁང་ཞིག་འཛུགས་པའི་བསམ་བློ་འཁོར་བྱུང་། ཚོང་གཉེར་ལག་ཁྱེར་གཉེར་བའི་ཉིན་དེར་ངས་མ་གཞི་ནས་ཐེངས་ཁ་ཤས་འགྲོ་རྒྱུའི་གྲ་སྒྲིག་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ས་ཁུལ་གྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཐེངས་གཅིག་ལ་འགྲོ་ལུགས་ཚང་མ་གཉེར་ཐུབ་བྱུང་བས། ཚོང་གཉེར་ཁོར་ཡུག་འདི་འདྲ་ཞིག་ཡོད་པ་ལས་ང་ཚོ་ལས་གཏོད་པས་དེ་བས་བྱེད་ཕོད་པ་དང་དེ་བས་སྒྲུབ་ཕོད་པ་ཞིག་བྱུང”ཞེས་བརྗོད།

    ཆབ་མདོ་ཀོང་ཡུས་དམངས་ཕན་སྨན་རྫས་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་ནི་བོད་ཀྱི་སྨན་རྫས་ཐོན་སྐྱེད་དང་། བྲིན་ཚོང་། གསར་སྤེལ། བོད་སྨན་སྨན་རྒྱུ་ཉོ་ཚོང་བཅས་ཞབས་ཞུ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཁེ་ལས་ཤིག་ཡིན་ཞིང་། ཀུང་སིའི་སྲིད་འཛིན་སྤྱི་ཁྱབ་ལྟ་ཞིབ་པ་བཀྲ་ཤིས་དོན་གྲུབ་ཀྱིས། ཚོགས་འདུའི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ནས་ཁྱད་ཆོས་ལ་གཞི་ཚུགས་ཏེ་བོད་ལུགས་གསོ་རིག་ལས་རིགས་ལ་མུ་མཐུད་ཞིབ་འཇུག་གཏིང་ཟབ་བྱས་ནས། བོད་སྨན་སྨན་རྩྭ་འདེབས་འཛུགས་དང་ཞིབ་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་སྲོལ་རྒྱུན་གྱི་བོད་སྨན་སྨན་སྦྱོར་དེང་རབས་ཅན་ལ་ཡག་པོ་འགྱུར་བར་བྱས་ཏེ། ཐོན་རྫས་ཀྱི་སྤུས་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། ལྗོངས་ཕྱི་ནང་གི་བྲིན་ཚོང་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་གཏོང་བ། ཁེ་ལས་གོང་འོག་དང་མཉམ་སྒྲུབ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་ངོས་འཕེལ་རྒྱས་ཡོང་བ་བྱེད་པ་དང་ཆབས་ཅིག་བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།