དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བཟའ་བཏུང་ཞབས་ཞུ་ལས་དམངས་འཚོའི་བདེ་སྐྱིད་ཆེན་པོ་མངོན།

    ——མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱིས་ལོ་ལྟར་རྒན་རྒོན་ཁྲི་6ལྷག་ཙམ་ལ་བཟའ་བཏུང་མཁོ་འདོན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཙི་ཆི། ཀྲོའུ་ཧྲེང་ཧྲེང་།   |     སྤེལ་དུས།  2025-12-19

    འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཁྲེང་ཀྲུང་ཆུས་ཡོན་ཧྲུའུ་གྲོང་ཚོའི་རྒན་རྒོན་ཁྱིམ་ཚང་གི་ལས་དོན་མི་སྣས་ཚལ་གཏུབ་བཞིན་པ།

    ས་མཐོའི་དགུན་དུས་གྲང་ངར་ཆེ་ཡང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཁྲེང་ཀྲུང་ཆུས་ཡོན་ཧྲུའུ་གྲོང་ཚོའི་རྒན་རྒོན་ཁྱིམ་ཚང་དུ་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཤིང་། ལོ་71ལ་སླེབས་པའི་ལིའུ་ཡན་ཕིང་གིས་ཤ་ཡོད་དང་ཤ་མེད་ཀྱི་ཚལ་འཁྱེར་ནས་ནང་མི་དང་མཉམ་དུ་ཟ་བཞིན“སྔོན་མ་རྙོག་དྲ་ཆེ་ཤོས་དེ་ཉིན་གུང་གི་ཟ་མ་བཟོ་རྒྱུ་དེ་ཡིན། མང་པོ་བཟོས་ན་ལྷག་མ་ལྷག་པ་དང་ཐབས་ཆག་བཟོས་ན་འཚོ་བཅུད་མི་འདང་བའི་སེམས་ཁྲལ་ཡོང་གི་འདུག ད་ཆ་གྲོང་ཚོའི་རྒན་རྒོན་ཟ་ཁང་ལ་སྒོར་ཁ་ཤས་སྤྲད་ན་འཚོ་བཅུད་ལྡན་པའི་བཟའ་མ་ཟ་ཆོག་ཆོག་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བརྗོད་བྱུང་།

    གཞོན་ནུ་ཕལ་ཆེ་བ་ཕྱིར་གླ་པ་རྒྱུགས་པར་ཕྱིན་རྐྱེན་གཞིས་ལུས་རྒན་རྒོན་གྱི་ལྟོ་ཆས་ཀྱི་གནད་དོན་དེ་དཀའ་གནད་ཅིག་ཏུ་གྱུར། ཡོན་ཧྲུའུ་གྲོང་ཚོའི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སུང་ཧྲུའུ་ཕིང་གིས་མྱོང་ཚོར་ཟབ་མོས“སྔོན་མ་གྲོང་ཚོ་ཨུ་ལྷན་ལ་ཟ་ཁང་མེད་པས་ཕྱིར་གླ་པ་རྒྱུགས་པར་འགྲོ་མཁན་བུ་ཕྲུག་ཚོས་རྒན་རྒོན་ཚོའི་ལྟོ་ཆས་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད།

    ད་ལོ་ཁྲེང་ཀྲུང་ཆུས་དམངས་སྲིད་ཅུས་ཀྱི་རྒྱབ་སྐྱོར་འོག ཡོན་ཧྲུའུ་གྲོང་ཚོར་རྒན་རྒོན་གྱི་ཁྱིམ་ཚང་བསྐྲུན་པ་དང་འོས་སྐུལ་འོས་དཔོད་བྱས་པ་བརྒྱུད་ཟི་ལིང་གྲོང་ཁྱེར་ས་མཐོ་དམར་རྒན་གསོ་ཁང་ལ་གཉེར་སྐྱོང་བྱེད་དུ་བཅུག་པ་རེད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་ནུས་ཤུགས་གང་ཡོད་དང་ནུས་པས་ལྕོགས་ཚོད་ངང་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ནས་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་དང་སྤྱི་ཚོགས་འཁོར་རྒྱུག་གི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད། ཟི་ལིང་གྲོང་ཁྱེར་གྱིས་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་སོགས་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་ནས་རྒན་གཅེས་བདེ་སྐྱིད་ཟ་ཁང་བསྐྲུན་པ་མ་ཟད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། མ་དངུལ་འགན་ལེན། བྱེད་ཐབས་གསར་གཏོད་བཅས་ལ་བརྟེན་ནས་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུ་ཁྱིམ་སྡོད་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་མ་ལག་ནང་བཅུག་ནས་གཙོ་གནད་ཐོག་སྐུལ་འདེད་བཏང་བ་དང་སྦྲགས་རྒྱུན་མཐུད་ཆོག་པའི་རྒན་གསོའི་ཞབས་ཞུའི་མ་ལག་བསྐྲུན་པར་བརྟེན་གཞི་རྩའི་དགོས་མཁོ་འགན་ལེན་ཐུབ་ཡོད་ལ། སྣ་མང་ཅན་གྱི་འཕེལ་རྒྱས་ལ་ཡང་སྐུལ་མ་ཐེབས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟི་ལིང་གྲོང་ཁྱེར་དམངས་སྲིད་སྡེ་ཚན་གྱིས་ལོ་ཧྲིལ་པོ་60ཡན་ལ་སླེབས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་། གཙོ་གནད་གཟིགས་སྐྱོང་བྱ་ཡུལ། འཆར་ལྡན་བུ་བཙའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་བཅས་དང་། དེ་བཞིན་ལོ་ཧྲིལ་པོ་80ཡན་ལ་སླེབས་པའི་ལོ་ན་མཐོ་བའི་རྒན་རྒོན་ལ་ཉིན་རེར་སྒོར་5དང་སྒོར་3གྱི་ཁ་གསབ་དངུལ་སྤྲད་པ་མ་ཟད། ཐབ་ཚང་ཨ་མ་དང་རྒན་རྒོན་གྱི་ཟ་ཁང་གཞན་དག་ལ་གཉེར་སྐྱོང་གི་ཁ་གསབ་སྤྲད་པ་དང་ཆབས་ཅིག ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་མཉམ་དུ་མཐུན་སྦྱོར་ལྟ་འདོམས་བྱས་ཏེ་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་ཡོད།

    ད་ཆ། ཟི་ལིང་གྲོང་ཁྱེར་དུ་ཁྲོམ་གཞུང་ཐབ་ཚང་ཨ་མ་17དང་། གྲོང་ཁྱེར་སྡེ་ཁུལ་གྱི་རྒན་གཅེས་བདེ་སྐྱིད་ཟ་ཁང་136 གྲོང་གསེབ་རོགས་རེས་ཀྱི་བདེ་སྐྱིད་ཁང་464བཅས་ནས་བཟའ་བཏུང་ཞབས་ཞུ་བྱེད་པས། ལོ་ལྟར་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་རྒོན་དང་ལོ་ན་མཐོ་བའི་རྒན་རྒོན་ཁྲི་6ལྷག་ཙམ་ལ་ཕན་པ་ཐོབ་སྟེ། རྒན་རྒོན་དེ་བས་མང་པོས་ཞབས་ཞུའི་དྲོ་སྐྱིད་ཁྲོད་ནས་དམངས་འཚོའི་བདེ་རྩ་ཚོར་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།