ནེ་པ་ལ་དང་ཀྲུང་གོའི་མ་འཇོག་བགྲོ་གླེང་ཚོགས་འདུ་ཀ་ཏ་མན་རྡུ་རུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་ཟླ་12ཚེས་16ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་16ཉིན། ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་རུ་ནེ་པ་ལ་དང་ཀྲུང་གོའི་མ་འཇོག་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་ཚོགས་ཞུགས་མི་སྣས་རྒྱལ་ཁབ་གཉིས་ཀྱི་མ་འཇོག་མཉམ་ལས་ཟབ་ཏུ་གཏོང་བ་སོགས་ཀྱི་གླེང་གཞིའི་ཐད་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད། ནེ་པ་ལའི་ནོར་སྲིད་པུའུ་ཀྲང་དང་། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ། དེ་བཞིན་ཀྲུང་གོའི་ཁེ་ལས་བཅུ་ཕྲག་ཁ་ཤས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས་པ་རེད།
ནེ་པ་ལའི་ནོར་སྲིད་པུའུ་ཀྲང་ལཱ་མེ་ཧྲའོ་ལེ·ཕུའུ་ལཱ་སཱ་ཏེ·ཁཱ་ནར་གྱིས་ཤིས་ཚིག་ནང་། ནེ་པ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་པོའི་ནང་དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་སོགས་ཀྱི་ཁྱབ་ཁོངས་མང་པོའི་ཐད་དམ་ཟབ་དང་མཛའ་མཐུན་གྱི་མཉམ་ལས་འབྲེལ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ལས་ནེ་པ་ལའི་ཁེ་ལས་ལས་རིགས་དང་ཀྲུང་གོའི་མ་འཇོག་བྱེད་མཁན་དབར་སྤེལ་རེས་ཀྱི་ལས་སྟེགས་གལ་ཆེན་བསྐྲུན་ཏེ། ཕྱོགས་གཉིས་པོས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལ་གྲོས་བསྡུར་གཏིང་ཟབ་དང་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ནེ་པ་ལས་ཀྲུང་གོ་དང་མཉམ་དུ་ཕན་ཚུན་ཡིད་ཆེས་གཉིས་ཕན་གྱི་རྨང་གཞིའི་ཐོག་མ་འཇོག་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་སུང་གིས་ཤིས་ཚིག་ནང་། ད་ལོ་ནི་ཀྲུང་གོ་དང་ནེ་པ་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ཞིང་། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ལ་སྔར་བྱུང་མྱོང་མེད་པའི་མཉམ་ལས་ཀྱི་གོ་སྐབས་བསུས་ཡོད། ཀྲུང་གོས་དེ་བས་དགེ་མཚན་ལྡན་པའི་རྣམ་འགྱུར་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་མ་འཇོག་རྒྱ་སྐྱེད་བྱས་ཏེ་ནེ་པ་ལ་དང་མཉམ་དུ་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་གོ་དང་ནེ་པ་ལའི་དཔལ་འབྱོར་ཐད་གསབ་རེས་བྱས་ན་འབྱུང་འགྱུར་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ངེས་རེད་ཅེས་བརྗོད་པ་རེད།
ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་ནེ་པ་ལའི་མ་འཇོག་ཨུ་ལྷན་དང་ནེ་པ་ལའི་རྒྱལ་ཁབ་དངུལ་ཁང་གི་རིགས་གཅིག་མཁས་ཅན་གྱིས་ནེ་པ་ལའི་མ་འཇོག་ཁོར་ཡུག་དང་གོ་སྐབས་དང་དེ་བཞིན་སྤྱོད་གོ་ཆོད་པའི་བཅའ་ཁྲིམས་དང་དངུལ་རྩའི་ལམ་ལུགས་སོགས་ལ་འགྲེལ་བཤད་བརྒྱབ་པ་རེད།
འབྲེལ་ཡོད་གསར་འགྱུར།