མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཆི་ལིའི་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་པ།
ད་ལོ་ནི་ཀྲུང་ཆིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བའི་ལོ་ཞིག་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་ཚུན་དུ། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་ཀྲུང་ཆིའི་འབྲེལ་བའི་གྲུ་གཟིངས་ཐོག་མཐའ་བར་གསུམ་དུ་རླུང་བརྟེན་རླབས་གཤག་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་གྱི་འབྲེལ་བའི་འཕེལ་ཕྱོགས་ལ་སྣེ་ཁྲིད་བྱེད་བཞིན་ཡོད། ཆི་ལི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་དང་པོ་དང་། ཀྲུང་གོ་ཕྱོགས་ཡོངས་ནས་ཁྲོམ་རའི་དཔལ་འབྱོར་ཡིན་པའི་གནས་བབ་ཁས་ལེན་མཁན་དང་པོ། ཀྲུང་གོ་དང་ཕྱོགས་གཉིས་པོའི་རང་མོས་ཚོང་དོན་གྱི་གྲོས་ཆོད་འཇོག་མཁན་དང་པོ་ཡིན་པ་དང་འབྲེལ་སྔོན་ལ་རིམ་སྤོར་བྱུང་བའི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་པོ་བཅས་ཡིན་པས། ཀྲུང་ཆི་ཕྱོགས་གཉིས་པོས་སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་པའི་ཐོག་ནས་ལག་གདང་སྦྲེལ་ཏེ་མཉམ་ལས་ཀྱི་གཏམ་རྒྱུད་སྙན་པོ་བརྩམས་ཡོད།
ད་ལོ་ནི་ཀྲུང་ཆིའི་དབར་རང་མོས་ཚོང་དོན་ལ་གྲོས་ཆོད་བཞག་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། ལོ་ངོ་20ཡི་རིང་། ཀྲུང་ཆིའི་དཔལ་འབྱོར་ཚོང་དོན་འབྲེལ་བར་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། 2024ལོར། ཀྲུང་ཆིའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་616ཙམ་ཟིན་པ་དེ་2005ལོའི་རང་མོས་ཚོང་དོན་གྲོས་ཆོད་ལག་ལེན་མ་བསྟར་གོང་གི་ལྡབ་8.6ཡིན་ཞིང་། ཀྲུང་གོ་ལོ་15བསྟུད་མར་ཆི་ལིའི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་པོར་གྱུར་ཡོད་ལ། ཆི་ལིའི་ཕྱིར་གཏོང་ཁྲོམ་ར་ཆེ་གྲས་དང་པོ་དང་ནང་འདྲེན་ཡོང་ཁུངས་ཨང་དང་པོ་དེའང་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཆི་ལིར་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆི་ལིའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགའ་བསུ་ཞུ་གི་ཡོད། ཆི་ལིའི་སྲེའུ་དང་། རྒུན་འབྲུམ་ཨ་རག ཉ་སན་ཝུན་བཅས་ཀྲུང་གོའི་འཛད་སྤྱོད་པའི་གསོལ་ལྕོག་ཐོག་ཐོན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ཀྲུང་གོའི་གློག་སྒུལ་རླངས་འཁོར་དང་། འོད་ཤུགས་སྒྲིག་ཆས། 5Gལག་རྩལ་བཅས་ཀྱིས་ཀྱང་ཆི་ལིའི་ནུས་རྒྱུ་གཞན་སྒྱུར་དང་གྲངས་འཛིན་འཛུགས་སྐྲུན་ལ་རོགས་སྐྱོར་གལ་ཆེན་བྱེད་བཞིན་ཡོད་པ་རེད། ཆི་ལིའི་བྱང་རྒྱུད་གྲོང་ཁྱེར་ཁོ་ཕི་ཡ་པོ་ཡིས་ཀྲུང་གོས་ཐོན་སྐྱེད་བྱས་པའི་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་121སྤྱོད་འགོ་ཚུགས་པ་དེས་མེ་གླིང་ལྷོ་མའི་སྤྱི་པའི་འགྲིམ་འགྲུལ་མ་ལག་ཕྱོགས་ཡོངས་ནས་གློག་སྒུལ་ཅན་དུ་འགྱུར་བའི་གྲོང་ཁྱེར་དང་པོར་གྱུར་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཀོང་ཀྲོའུ་ཚོང་འདུས། མཁོ་སྤྲོད་འཁོར་འབྲེལ་དངོས་མང་སྟོན་ཚོགས་སོགས་ལས་སྟེགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
ཀྲུང་ཆིའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐྱོད་བཞིན་ཡོད། ཀྲུང་གོའི་ཁེ་ལས་ཆི་ལིའི་ནུས་རྒྱུ་གཙང་མ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན། གྲངས་འཛིན་དཔལ་འབྱོར་ལ་སོགས་པའི་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པས་རྒྱལ་ཁབ་གཉིས་པོའི་མ་འཇོག་མཉམ་ལས་ཀྱི་སྤུས་འབོར་གཉིས་ཀ་འཕར་བའི་རྣམ་པ་བཟང་པོ་ཐོན་ཡོད། མིག་སྔར། ཀྲུང་གོ་འདི་ཉིད་ཆི་ལིའི་ཕྱི་དངུལ་ཡོང་ཁུངས་གཙོ་བོའི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཡོད། 2024ལོར་ཀྲུང་གོས་ཆི་ལིར་ཐད་ཀར་མ་འཇོག་བྱེད་ཚད་2006ལོའི་ལྡབ་23བར་མང་དུ་ཕྱིན་པ་དང་གསོག་ཚད་སྐབས་དེའི་ལྡབ་150ཟིན་ཡོད། རྒྱལ་ཁབ་གཉིས་པོས་འོད་ཤུགས་གསོག་ནུས་གློག་ཁང་དང་། མཐོ་གནོན་ཚད་བརྒལ་གྱི་གློག་འདོན་ལས་གྲྭ གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཆི་ལིའི་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། མ་འཇོག་དེ་དག་གིས་ས་གནས་དེ་གར་ལས་ཞུགས་ལས་གནས་འབོར་ཆེན་བཏོད་པ་མ་ཟད། ད་དུང་ལག་རྩལ་གཞན་སྒྱུར་དང་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་ཀྱང་བྱས་ཡོད། ཕྱོགས་གཉིས་པོས་ཚད་གཞི་བརྗེ་རེས་དང་། ལག་རྩལ་མཉམ་ལས། ཤེས་ལྡན་པ་སྤེལ་རེས་སོགས་ཀྱི་ཐད་ནས་འབྲེལ་འདྲིས་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཆུ་ཚད་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ། དེ་བས་རྒྱུན་མཐུད་བཅས་ཀྱི་སྒོ་ནས་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད།
ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་འབྱུང་འགྱུར་ལོ་ལྔའི་རིང“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་རྒྱུའི”ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཀྲུང་གོས་རང་བརྟེན་སྒོ་དབྱེ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་། ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་པོའི་མ་འཇོག་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་བྱ་རྒྱུ་ཡིན་པ་དེས་ཀྲུང་ཆིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གོ་སྐབས་གསར་པ་དང་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཆི་ལི་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བ་གོ་སྐབས་སུ་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས། གཉིས་ཁེ་གཉིས་ཕན། ཕན་ཚུན་འབྲེལ་མཐུད་བཅས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་དཔེ་དབྱིབས་དང་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་གཏོད་དེ་མིའི་རིགས་ཀྱི་ཞི་བདེ་ཡར་ཐོན་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།
(རྩོམ་པ་པོ་ནི་ཆི་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)
འབྲེལ་ཡོད་གསར་འགྱུར།