ཁྲུང་ཆིང་གྲོང་ཁྱེར་ཐུང་ལེང་ཆུས་ཀྱིས“སློབ་གྲྭའི་བཟའ་བཅའི”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྒྲིག་བྱས་པ།
སློབ་མའི“ལྕེ་རྩེའི་བདེ་འཇགས”ལ་སྲུང་སྐྱོང་ཡག་པོ་བྱེད་པ།
ནམ་ལངས་ཙམ་ལ་བཟའ་བཅའི་རྒྱུ་ཆ་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་ཞིག་ཁྲུང་ཆིང་གྲོང་ཁྱེར་ཐུང་ལེང་ཆུས་པ་ཁྲོན་སློབ་ཆུང་གི་ཟ་ཁང་གི་འགྲམ་དུ་བཞག་ཡོད། གཟའ་འཁོར་འདིའི“ལས་རེས་ཞིབ་བཤེར་རྩིས་ལེན་པ”དགེ་རྒན་ཀྲང་ཞུའེ་ཅུན་དང་ལིའུ་ཀྲེང་ཆིན་གྱིས་མཉམ་དུ་བཟའ་བཅའི་རྒྱུ་ཆ་ཚང་མར་ཞིབ་བཤེར་བྱས།
མི་གཉིས་ཀྱིས་མཉམ་དུ་ཞིབ་བཤེར་དང་། སློབ་གྲྭའི་འགོ་ཁྲིད་ཀྱིས་འཐེན་བཤེར། སྡེ་ཚན་མང་པོས་ལྟ་སྐུལ་བཅས་བྱེད་པ་ནི་སློབ་གྲྭའི་ལས་མི་དང་ཚོང་པའི་དབར་ངན་པ་ལག་འབྲེལ་གྱིས་བཟའ་བཅའི་རྒྱུ་ཆར་རྫུན་ལྷད་མི་གཏོང་བའི་ཆེད་དུ་རེད།
ན་ནིང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་རྒྱལ་ཡོངས་སུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་ཤིང་། སློབ་གྲྭ་འབྲིང་ཆུང་གི“སློབ་གྲྭའི་བཟའ་བཅའ”ནི་རྒྱལ་ཡོངས་རང་བཞིན་གྱི་བཅོས་སྒྲིག་བྱ་ཡུལ་གྲས་ཤིག་ཡིན་སྟབས། 2025ལོར“སློབ་གྲྭའི་བཟའ་བཅའ”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཐུང་ལེང་ཆུས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་འགན་ནུས་སྡེ་ཚན་དང་མཉམ་དུ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་དང་མ་དངུལ་དོ་དམ་བེད་སྤྱོད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཁག་གཅིག་ལ་ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སློབ་མའི“ལྕེ་རྩེའི་བདེ་འཇགས”ལ་སྲུང་སྐྱོང་བྱས་ཡོད།
འགན་འཁྲི་སྔར་བས་ནན་དུ་བཏང་བ།
པ་ཁྲོན་སློབ་ཆུང་གི་སློབ་སྤྱི་ཀའོ་རུང་ལེང་གིས་སློབ་གྲྭའི་དོ་དམ་ལས་ཀ་ལོ་25བྱས་ཤིང་། དེའི་རིང“སློབ་གྲྭའི་བཟའ་བཅའི”ལས་དོན་དམ་འཛིན་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་མོད། ཡིན་ནའང་ད་རེས་ཀྱི་བཅོས་སྒྲིག་ལས་ཁོང་ལ་མྱོང་བ་གསར་པ་བྱུང་བ་སྟེ། “འགན་འཁྲི་སྔར་བས་ནན་དུ་ཕྱིན་པ”དེ་རེད།
ལོ་གཅིག་ལྷག་ཙམ་རིང་། སློབ་གྲྭའི་འགན་འཁུར་བ་དང་རྒྱབ་ཕྱོགས་ལས་དོན་པ་ཁག་གཅིག་ལ“སློབ་གྲྭའི་བཟའ་བཅའི”ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་དབང་གིས་ཐག་གཅོད་ནན་པོ་བྱས་ཡོད། གནས་ཚུལ་དེ་ལས་ཀའོ་རུང་ལེང་དང་ལས་བཟོ་ཚོར་ཉེན་ཟོན་བྱུང་སྟེ་སྤྱོད་གཙང་གི་རྩ་བ་དེར་དམ་འཛིན་ནན་པོ་ཐུབ་ཡོད།
“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་ལྟ་སྐུལ་ཐེངས་འགའི་ནང་། ཐུང་ལེང་ཆུས་སྒྲིག་ཨུད་དང་། ལྟ་ཞིབ་ཨུ་ལྷན། འབྲེལ་ཡོད་སྡེ་ཚན་བཅས་ཀྱི་བློ་མཐུན་ཚོས་སློབ་མ་དང་། ཁྱིམ་བདག ལས་བཟོ་བཅས་ཐད་ཀར་བཙལ་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། “བཟའ་བཅའི་སྤུས་ཚད་དང་ཉོ་སྒྲུབ་ཀྱི་ཞིབ་ཕྲའི་བརྒྱུད་རིམ་ཁོང་ཚོས་གསལ་པོ་ཤེས་སྟབས། བཏོན་པའི་གནད་དོན་ཡང་རྣོ་ངར་ཆེན་པོ་ཡོད་པ་དེས། ང་ཚོར་ལྕག་སྐུལ་ཐེབས་ཀྱི་འདུག” ཀའོ་རུང་ལེང་གིས་སློབ་གྲྭའི་འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་དེ་རྒྱུན་གཏན་བྱ་བར་ཤུགས་བརྒྱབ་ནས་མི་གཉིས་ཀྱིས་མཉམ་དུ་ཞིབ་བཤེར་སོགས་ལྟ་སྐུལ་དོ་དམ་གྱི་བྱ་ཐབས་བཟོས་ཏེ་འཐུས་སྒོ་ཚང་དུ་བཏང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་དང་སྤྱོད་གཙང་མེད་པའི་ཉེན་ཁར་རྒྱུན་གཏན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད།
མངོན་གསལ་དོད་པའི་གནད་དོན་ཐོན་རིམ་བཞིན་ཐག་གཅོད་བྱས་པ།
ཐོན་སྲིད་པའི་ཁེ་ཕན་གྱི་འབྲེལ་བ་མི་ཆགས་པ་བྱ་ཆེད། ཐུང་ལེང་ཆུས་སློབ་གསོ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ཆུས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་འོག ཡོངས་བསྒྲགས་ངང་སུས་འཇོན་དེ་འགུགས་བྱས་ཏེ་ཁེ་ལས་ཆེན་པོ་5མཁོ་འདོན་ཚོང་པར་གཏན་འཁེལ་གྱིས་བཟའ་བཅའ་གཅིག་སྡུད་མཁོ་སྤྲོད་དང་རིན་གོང་ལ་གཅིག་སྡུད་གྲོས་མོལ་བྱས་ཤིང་། སློབ་གྲྭས་ཆུས་ཁོངས་གཏོགས་ཀྱི་ལས་སྟེགས་ཀུང་སིའི་དྲ་ཐོག་ལས་སྟེགས་ཐོག་མངགས་ཐོ་བཏང་སྟེ་མཁོ་སྤྲོད་ཚོང་པས་གཅིག་གྱུར་ངང་སྡེབ་སྐྱེལ་བྱེད་པ་ཕུད། ལས་སྟེགས་ཀུང་སིས་ཚོང་ཟོག་མཁོ་འདོན་ཚོང་པ་དང་བསྡོམས་རྩིས་བརྒྱབ་ནས་སློབ་གྲྭ་དང་མཁོ་འདོན་ཚོང་པའི་ནོར་དོན་འབྲེལ་བ་མེད་པ་བཟོས་ཡོད།
ཐུང་ལེང་ཆུས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས“སློབ་གྲྭའི་བཟའ་བཅའ་ཡོངས་རྫོགས་ལས་སྟེགས་འདི་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད་ལ། ཉོ་སྒྲུབ་ཀྱི་ཐོ་འགོད་ཚང་མས་ལྟ་ཐུབ་ཀྱི་ཡོད་པས་ཉོ་སྒྲུབ་འཛིན་ཤོག་རྫུན་བཟོ་བྱེད་མི་ཐུབ་སྟབས། སློབ་གྲྭའི་ལས་མི་དང་མཁོ་འདོན་ཚོང་པའི་དབར་ལྐོག་ཏུ་རྔན་པ་སྤྲོད་ལེན་གྱི་གནད་དོན་གཏན་འགོག་ཐུབ་ཡོད”ཅེས་བཤད།
བཟའ་བཅའི་གྲོན་དངུལ་དོ་དམ་བེད་སྤྱོད་ནི། ཉེན་ཁའི་ལྷུ་ཚིགས་གཞན་ཞིག་ཡིན་སྟབས། ས་གནས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྐུལ་འདེད་འོག ཆུས་ནོར་སྲིད་དང་སློབ་གསོ་སྡེ་ཚན་གྱིས་མཉམ་དུ་བྱ་ཐབས་བཏོན་ནས་བཟའ་བཅའི་གྲོན་དངུལ་གྱི་ནོར་དོན་ཚབ་གཉེར་དང་ཆེད་གཉེར་རྩིས་ཁྲའི་ཞིབ་རྩིས་ལག་ལེན་བསྟར་ཡོད། སློབ་གྲྭས་འཚོ་བཅུད་བཟའ་བཅའི་ཁ་གསབ་དང་སློབ་མའི་བཟའ་བཅའི་གྲོན་དངུལ་སོགས་ཀྱི་མ་དངུལ་སློབ་གྲྭའི་གཞི་རྩའི་རྩིས་ཁྲའི་ནང་བཅུག་སྟེ་གཅིག་གྱུར་གྱིས་ཞིབ་རྩིས་བརྒྱབ་པས། “དངུལ་སྦས་ཁུང”ངམ་ཡང་ན་རྩིས་ཁྲ་གཞན་འཛུགས་རྒྱུ་བཀག་འགོག་ཐུབ་ཡོད། གཏོང་ཡོང་ཚང་མ་ཁེར་རྐྱང་དུ་རྩིས་བརྒྱབ་ནས་བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་སྒྲིག་ཆས་ཉམས་བཟོ་སོགས་སྤྱོད་གོ་མི་འདྲ་བ་གསལ་པོ་བཟོས་ཏེ། མ་དངུལ་ཚང་མ་འཁོར་རྒྱུག་ཁ་གསལ་དང་རྗེས་འདེད་ཐུབ་པར་འགན་ལེན་བྱས་ཡོད།
ཉེན་ཁ་ཐོན་ཆེ་ས་ཕྱི་གསལ་ནང་གསལ་བྱུང་བ།
བཟའ་བཅའི་རྒྱུ་ཆ་རྒྱ་མར་འདེགས་པ་དང་། འཐེན་བཤེར། འཛིན་ཤོག་ལ་ལྟ་བ། མཛོད་ཁང་དུ་འཇུག་པ་བཅས་གང་འདྲ་བྱས་ཡོད་མེད་དང་། དེ་ནས་ཟ་ཁང་གི་མ་བྱན་གྱིས་ཚལ་གྲ་སྒྲིག་གང་འདྲ་བྱས་མིན་ལ་ལྟ་གི་ཡོད། ཐབ་ཚང“ཕྱི་གསལ་ནང་གསལ”ཡིན་པས་མ་ཚད། དེར་གློག་མིག་ཀྱང་བསྒར་ཡོད་པས། “ཁྲུང་ཆིང་ཉི་འོད་བཟའ་བཏུང”དུད་སྣེ་བརྒྱུད་བརྙན་ལེན་ལ་བལྟ་ཆོག་གི་ཡོད། གྲོང་མི་ལི་ཐིང་གིས་རང་ཉིད་ཀྱི་བུ་མོ་དང་མཉམ་དུ་གུང་ཟས་བཟས་ཤིང་། སྤྱི་བསྒྲགས་བྱང་བུར་སུར་པན་ཤ་བརྔོས་དང་། ཞོག་སིལ། ཤ་མོའི་ཤ་སིལ་ཐང་སོགས་ཀྱི་ཚལ་ཐོ་སྦྱར་ཡོད་པ་མ་ཟད། བཟའ་བཅའི་རྒྱུ་ཆ་སྤྱོད་ཚད་ཟུར་དུ་བཀོད་ཡོད།
བཅོས་སྒྲིག་ལ་དུས་བཀག་ཡོད་ཀྱང་། “སློབ་གྲྭའི་བཟའ་བཅའི”བདེ་འཇགས་སྲུང་སྐྱོང་ནི་ཡུན་རིང་གི་དམག་འཐབ་ཅིག་ཡིན་པར་བརྟེན། ཡུན་རིང་ཕན་འབྲས་ཐོན་པ་ཇི་ལྟར་བྱེད་པའི་ཐད། ཐུང་ལེང་ཆུས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཕྱོགས་གཅིག་ནས་སྡེ་ཚན་ཁག་གིས་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་ཉམས་མྱོང་དང་བྱེད་སྟངས་སྲ་བརྟན་དུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས“སློབ་གྲྭའི་བཟའ་བཅའི”ལས་དོན་ཕྱི་གསལ་ནང་གསལ་ཡོང་བར་ཤུགས་བརྒྱབ་ནས་སློབ་གྲྭ་འབྲིང་ཆུང་གི་ཟ་ཁང་ལ་བཟའ་བཅའི་རྒྱུ་ཆའི་སྤུས་ཚད་གཅིག་མཐུན་དང་། ཚལ་གྱི་རིན་གོང་གཅིག་འགྱུར། དགེ་སློབ་ཀྱིས་ཟ་མ་གཅིག་པ་བཟའ་བ་བཅས་དང་། ཉོ་སྒྲུབ་ཡོངས་བསྒྲགས་དང་། ཚལ་ཐོ་ཡོངས་བསྒྲགས། ལས་སྣོན་གྱི་བརྒྱུད་རིམ་ཡོངས་བསྒྲགས་བཅས་ཀྱི“གཅིག་འགྱུར་གསུམ་དང་ཡོངས་བསྒྲགས་གསུམ”གྱི་ལམ་ལུགས་ཁྱབ་གདལ་བཏང་བ་མ་ཟད། དུས་བཀག་ལྟར་སློབ་མའི་ཁྱིམ་བདག་སློབ་གྲྭར་གདན་དྲངས་ནས་བཟའ་བཅའི་རྒྱུ་ཆར་ཞིབ་བཤེར་རྩིས་ལེན་དང་། ལས་སྣོན། བྲོ་བ་བལྟ་བ་སོགས་བྱས་པ་དང་། དུས་བཀག་ལྟར“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གདན་དྲངས་ནས་ནོར་དོན་རྩིས་ཁྲ་དང་བཟའ་བཅའི་རྒྱུ་ཆའི་སྤུས་ཚད་སོགས་ལ་སྐབས་བསྟུན་ཞིབ་བཤེར་བྱས་ཏེ་ལྟ་སྐུལ་བསམ་འཆར་འདོན་དུ་བཅུག་པ་དེས། སྔོན་མ་ཉེན་ཁ་ཐོན་ཆེ་ས་ཕྱི་གསལ་ནང་གསལ་བྱུང་ནས་སྤྱི་ཚོགས་ལས་རིགས་ཁག་གི་རྒྱུན་གཏན་ལྟ་སྐུལ་དང་ལེན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།