གློག་བརྙན་ལྟད་མོ་ཆེ། ཡུལ་མིར་དྲོ་སྐྱིད་སྦྱིན།
——གློག་བརྙན་སྟོན་མཁན་པ་སངས་ཀྱིས་གྲོང་གསེབ་ལ་བཅངས་པའི་བརྩེ་བ།

པ་སངས་ཀྱིས་བརྙན་རས་འགེལ་བཞིན་པ། (དཔྱད་གཞིའི་པར་རིས)

པ་སངས་ཀྱིས་གློག་བརྙན་སྟོན་རྩིས་བྱེད་བཞིན་པ། (དཔྱད་གཞིའི་པར་རིས)

པ་སངས་ཀྱིས་བརྙན་རས་འགེལ་བཞིན་པ། (དཔྱད་གཞིའི་པར་རིས)

པ་སངས(གཡོན)ཀྱིས་སྒྲིག་ཆས་སྒྲིག་བཞིན་པ། (དཔྱད་གཞིའི་པར་རིས)
སྔ་རྒྱུས་ད་རྒྱུས།
ལྷ་ས་གྲོང་ཁྱེར་མལ་གྲོང་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་བཀྲ་ཤིས་སྒང་གྲོང་ཚོར་མཚན་མོ་ཆ་རྒྱུས་ཆེ་བའི་འོད་ཅིག་འཚེར་བ་ན། ལྷིང་འཇགས་ཀྱི་གྲོང་ཚོ་དེ་སྐབས་ཤིག་རིང་གཉིད་ལས་སད་པ་ལྟར་དུ་གྱུར། ལོ་67ལ་སླེབས་ཤིང་རྒན་ཡོལ་ཞུས་པའི་གློག་བརྙན་སྟོན་མཁན་པ་སངས་ཀྱིས་ལོ་མང་སོང་རྗེས་རང་ཉིད་ཀྱིས་དགའ་ཞེན་ཆེ་བའི་གློག་བརྙན་སྟོན་ཆས་སླར་ཡང་ཁུར་ནས་དང་བླངས་པ་ཞིག་གི་ངོས་ནས་གྲོང་གསེབ་ཏུ་གློག་བརྙན་སྟོན་པའི་ལམ་བུར་ཆས་ཏེ། འཕོ་འགྱུར་ཆེ་བའི་དུས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཡུལ་མི་ཚོར་དྲོ་སྐྱིད་དང་སྤྲོ་སྣང་སྦྱིན་པ་དང་། གཞི་རིམ་དུ་རྩ་བ་ཚུགས་ནས་ལོ་40ལྷག་ཙམ་སོང་རིང་གི་རིག་གནས་དམངས་ཕན་གྱི་ཐོག་མའི་བསམ་འདུན་གྱི་རྒྱུན་མུ་མཐུད་བསྐྱངས།
མལ་གྲོ་གུང་དཀར་རྫོང་གི་དེ་སྔའི་གློག་བརྙན་དོ་དམ་ས་ཚིགས་ཀྱི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་པ་སངས་ཀྱིས་གྲོང་གསེབ་ཀྱི་གློག་བརྙན་སྟོན་པའི་ལས་གནས་ལོ་43བརྟན་སྲུང་བྱས། སྐབས་དེ་དུས་ཁོང་གིས་ལྗིད་ཚད་རྒྱ་མ་བཅུ་གྲངས་ཡོད་པའི་གློག་བརྙན་སྟོན་ཆས་རྒྱབ་ཏུ་ཁུར་ཏེ་ལ་ཀླུང་མང་པོ་བརྒྱབ་ནས་རྫོང་ཡོངས་ཀྱི་གྲོང་ཚོ་ཚང་མར་བསྐྱོད་དེ། ཐག་རིང་ལུང་ཁུག་གི་གྲོང་གསེབ་ཀྱི་མཚན་མོའི་མཁའ་དབྱིངས་སུ་བརྙན་རས་ཀྱི་འོད་སྣང་རབ་ཏུ་འཚེར་བར་བྱས། འདས་ཟིན་པའི་ལོ་ཟླའི་ནང་སྐོར་སྐྱོད་བརྙན་སྟོན་རུ་ཁག་སླེབས་པར་ཡུལ་མི་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅིང་། བརྙན་རས་ཐོག་གི་དགའ་སྐྱོ་གཉིས་ལྡན་དང་མཉམ་འཛོམས་དང་གྱེས་བྲལ་གྱི་བརྙན་རིས་རེ་རེ་ནི་མི་རབས་མང་པོ་འཚར་ལོངས་བྱུང་བའི་དྲོ་སྐྱིད་ལྡན་པའི་ཐུན་མོང་གི་དྲན་འཆར་ཞིག་ཏུ་གྱུར། པ་སངས་རྒན་ཡོལ་ཞུས་ནའང་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཏུ་གློག་བརྙན་སྟོན་པའི་སྔར་སོང་གི་ལོ་ཟླ་རྡོ་ལ་རི་མོ་བརྐོས་པ་ལྟར་དྲན་བཞིན་ཡོད་ལ། གློག་བརྙན་རྙིང་པར་བཅངས་པའི་ཡུལ་མི་ཚོའི་རེ་སྒུག་གི་མིག་ཟུང་དག་དེ་བས་དྲན་བཞིན་ཡོད། རྫོང་ནང་གྲོང་གསེབ་ཀྱི་སྤྱི་ཕན་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་ཤེས་སྐབས་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཉིད་འགྲོ་ཆོག་པའི་རེ་ཞུ་ཕུལ་ཏེ། སླར་ཡང་གློག་བརྙན་སྟོན་ཆས་ཁུར་ནས་ཚེ་གང་དགའ་ཞེན་གྱིས་ཕྱུག་པའི“གར་སྟེགས”དེར་ཕྱིར་ལོག་བྱས།
པ་སངས་རྫོང་བརྙན་སྟོན་རུ་ཁག་གི་ལས་དོན་མི་སྣ་དང་མཉམ་དུ་བཀྲ་ཤིས་སྒང་གྲོང་ཚོའི་གློག་བརྙན་སྟོན་སར་འབྱོར་ནས། བརྙན་རས་འགེལ་བ་དང་། སྒྲིག་ཆས་སྒྲིག་པ། གློག་སྐུད་འཐེན་པ་སོགས་ཀྱི་ལས་ཀ་རབ་དང་རིམ་པ་བྱང་ཆ་དོད་པོས་བྱེད་བཞིན་ཡོད་པ་ལས་ཆེད་ལས་ཀྱི་རང་བཞིན་ངང་གིས་མངོན། ས་སྲོད་མཚམས་སུ“རྒན་པ་སངས་ལགས་གློག་བརྙན་སྟོན་པར་ཕེབས་འདུག”ཅེས་པའི་གནས་ཚུལ་གྲོང་ཚོའི་ནང་གི་ཡུལ་མི་གཅིག་གིས་བཅུ་དང་བཅུས་བརྒྱ་ལ་བཤད་པས། ཡུལ་མི་གཉིས་གསུམ་ཙམ་མཉམ་དུ་འགྲོགས་ནས་གཅིག་མཇུག་གཉིས་མཐུད་ངང་འདི་གར་འཛོམས་ཏེ། རྒན་རྒོན་ཚོ་མཉམ་དུ་བསྡད་ནས་གློག་བརྙན་ལྟ་བའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་། ཕྲུ་གུ་ཁག་གཅིག་གློག་བརྙན་སྟོན་སའི་མཐའ་འཁོར་དུ་དགའ་ཚོར་ཆེན་པོས་རྩེད་འཇོར་རོལ་བ་དང་ཡང་ཁག་གཅིག་གིས་ཡ་མཚན་ཆེན་པོས་བརྙན་སྟོན་སྒྲིག་ཆས་ལ་ལྟ་བཞིན་ཡོད་པས། ཉིན་དེའི་མཚན་མོ་འཁྲུག་ཆ་ཧ་ཅང་དོད། རྒྱུས་མངའ་ཆེ་བའི་གློག་བརྙན་སྟོན་སྐབས་གཤམ་འོག་ནས་སྐད་ཅིག་ཉིད་དུ་དགའ་བསུ་ཆེན་པོ་ཞུས། ཡུལ་མི་མི་ཉུང་བ་ཞིག་གིས“རྒན་པ་སངས་ལགས་མཇལ་སྐབས་ཆུང་དུས་བརྙན་སྟོན་རུ་ཁག་རྗེས་འདེད་གཏོང་བའང་དྲན་བྱུང”ཞེས་ཚོར་སྣང་ཟབ་མོས་བརྗོད།
གློག་བརྙན་སྟོན་པའི་བར་གསེང་དུ་པ་སངས་ཀྱིས་སྒྲིག་ཆས་ལ་ཞིབ་བཤེར་ཞིབ་ཕྲ་བྱེད་ཀྱིན་ཡུལ་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་མཆིས། སྔོན་མ་ལ་ཀླུང་བརྒལ་ནས་གློག་བརྙན་སྟོན་པར་ཡོང་བའི་སྐོར་གླེང་སྐབས་ཁོང་གི་མིག་ཟུང་ལས་དགའ་སྤྲོའི་ཉམས་འགྱུར་མངོན། “སྔོན་མ་ཆ་རྐྱེན་ཡག་པོ་མེད་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པར་ཚང་མ་རྐང་ཐང་ལ་འགྲོ་དགོས་མོད། ད་ཆ་ལམ་ཤར་གཏོང་ཐུབ་ལ་སྒྲིག་ཆས་སྔོན་ཐོན་ཅན་དུ་གྱུར་པ་དང་། གློག་བརྙན་ལ་བཅངས་པའི་ཡུལ་མི་ཚོའི་དགའ་ཞེན་ལ་འགྱུར་ལྡོག་ཕྱིན་མེད་ལ། བྱ་གཞག་འདིར་བཅངས་པའི་ངའི་བརྩེ་བའང་རྡོ་རྗེ་བྲག་ལྟར་བརྟན”ཞེས་བརྗོད། པ་སངས་ཀྱིས་ཆེད་མངགས་ཡུལ་མི་ཚོས་བརྗེད་པར་དཀའ་བའི་གློག་བརྙན་རྙིང་པ་བསྟན་པས། རྒན་རྒོན་ཚོའི་སྔར་སོང་གི་བྱིས་དུས་ལ་ཕྱིར་དྲན་བྱེད་པའི་རེ་འདུན་སྐོང་ཐུབ་པ་མ་ཟད། ཕྲུ་གུ་ཚོར་ཡང་གློག་བརྙན་རྙིང་པའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱུང་ཡོད། “ཡུལ་མི་ཚོར་སླར་ཡང་གློག་བརྙན་སྟོན་རྒྱུ་བྱུང་བ་དང་ཚང་མའི་དགའ་བའི་འཛུམ་མདངས་མཐོང་སྐབས། ང་རང་སེམས་ཧ་ཅང་སྐྱིད་པོ་བྱུང”ཞེས་པ་སངས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད།
འབྲེལ་ཡོད་གསར་འགྱུར།