ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས།
ཨར་ལས་གད་སྙིགས“ནོར་བུར”བསྒྱུར་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས“གད་སྙིགས་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས། ཨར་ལས་གད་སྙིགས་ཐོན་ཁུངས་ཅན་གྱི་ནུས་ཆེའི་བེད་སྤྱོད་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་ཆབས་ཅིག རྒྱུན་འཁོར་བེད་སྤྱོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་རྒྱུན་ཆད་མེད་པར་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།
ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད། ཀོང་པོ་རྒྱ་མདའ་རྫོང་གིས་རྫོང་གྲོང་གཙང་སྦྲ་བསྐྱར་སྐྱེས་ཐོན་ཁུངས་ཕྱིར་བསྡུ་བེད་སྤྱོད་ཚད་ཡོད་ཀུང་སི་བཙུགས་ནས་མ་དངུལ་སྒོར་ཁྲི་470བཏང་སྟེ་ཉིང་ཁྲི་གྲོང་ཁྱེར་གྱི་ཨར་ལས་གད་སྙིགས་ཕྱིར་བསྡུ་བསྐྱར་སྤྱོད་རྣམ་གྲངས་དང་པོ་ལག་ལེན་བསྟར་བ་རེད། རྣམ་གྲངས་དེར་ཧྲུག་ཆག་འཕྲུལ་ཆས་སོགས་སྒྲིག་ཆས་བསྒར་ཡོད་པ་དང་། ཨར་ལས་གད་སྙིགས་ཧྲུག་ཆག་བཟོ་བ་སོགས་ལས་རིམ་མང་པོ་བརྒྱུད་མཐར་བསྐྱར་སྐྱེས་འཛུགས་སྐྲུན་རྒྱུ་ཆ་དང་མཛེས་བཟོའི་རྒྱུ་ཆ་སྣ་ཚོགས་བཟོས་ནས་ཁྲོམ་རར་བསྐྱར་འདོན་བྱས་པས། རྫོང་ཁོངས་ཀྱི་འཛུགས་སྐྲུན་རྒྱུ་ཆའི་དགོས་མཁོ་བསྐངས་པ་མ་ཟད། ད་དུང་ཁེ་ལས་ཀྱི་རྒྱུ་ཆ་ཉོ་སྒྲུབ་མ་གནས་དམའ་རུ་ཡང་ཕྱིན་ཏེ། ཨར་ལས་གད་སྙིགས“ནོར་བུར”བསྒྱུར་བ་རེད།
རྣམ་གྲངས་དེ་2024ལོའི་ཟླ་བཞི་པ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཚུན་དུ། ཉིན་རེར་གད་སྙིགས་སྨི་རྒྱ་དཔངས་400གཙང་གསིང་ཐུབ་ཅིང་། རིམ་རྩིས་བརྒྱབ་ན་ཨར་ལས་གད་སྙིགས་སྨི་རྒྱ་དཔངས་ཁྲི་4.5བསྡུ་རུབ་དང་། ཨར་ལས་གད་སྙིགས་སྨི་རྒྱ་དཔངས་ཁྲི་3ནུས་ཆེའི་བེད་སྤྱོད། བསྐྱར་སྐྱེས་རྒྱུ་ཆ་སྣ་ཚོགས་ཁྲི་20ཐོན་སྐྱེད་བཅས་བྱས་ཡོད་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་15ཐག་ཉེ་ས་ནས་ལས་ཞུགས་བརྟན་པོ་ཐུབ་སྟེ། རྫོང་ཁོངས་ཀྱི་ཨར་ལས་གད་སྙིགས་གང་བྱུང་དུ་སྤུངས་པ་དང་། གང་སར་དབོར་ནས་སྤྱོད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་ནས། རྫོང་གྲོང་སྤྱི་ཡོངས་ཀྱི་གཟུགས་བརྙན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ། ཨར་ལས་གད་སྙིགས“གནོད་མེད་ཅན་དང་། ཚད་ཉུང་ཅན། ཐོན་ཁུངས་ཅན”བཅས་ཀྱི་ཐག་གཅོད་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།