དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗང་མདོག་འགྲུལ་བཞུད། ས་མཐོའི་དར་སྲོལ་གསར་པ།

    ——རང་ལྗོངས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་དང་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-19

    འདི་ནི་ལྷ་སའི་གྲོང་མིས་འཁོར་འགྲེམས་ཀྱི་ས་ཡུལ་དངོས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་གློག་བརྗེའི་ནུས་རྒྱུ་གསར་པའི་བདལ་གཏོང་རླངས་འཁོར་ཁག་དང་པོ་དངོས་སུ་རྩིས་སྤྲད་ནས་སྤྱོད་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་གློག་བརྗེའི་ནུས་རྒྱུ་གསར་པའི་བདལ་གཏོང་རླངས་འཁོར་ལ་གློག་བརྗེ་བཞིན་པ།

    ཉེ་ཆར། གསར་འགོད་པས་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་གསལ། ལྗང་མདོག་དང་ཐཱན་དམའི་འགྲུལ་བཞུད་བྱེད་སྟངས་དེ་གྲོང་མིའི་རྒྱུན་གཏན་འཚོ་བའི་ནང་ཁྱབ་བཞིན་ཡོད་པ་དང་། ཁྲོམ་གཞུང་དུ་རིམ་བཞིན་ཇེ་མང་དུ་འགྲོ་བའི་གློག་སྡོང་ནས་གཉེན་གྲོགས་དབར་ཤོད་རེས་བྱེད་པའི་རླངས་འཁོར་གཏོང་བའི་ཉམས་ལེན་བར་ནུས་རྒྱུ་གསར་པའི་རླངས་འཁོར་ནི་མི་མང་པོའི་གདམ་ག་དང་པོར་གྱུར་ཡོད།

    སྲིད་ཇུས་ཀྱི་སྣེ་ཁྲིད།

    ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བའི་ཚ་རླབས་འཕྱུར་བ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་གྱི་རླངས་འཁོར་ཕྱིར་ཚོང་ཞབས་ཞུ་ས་ཚིགས་ཤིག་ཏུ་ནུས་རྒྱུ་གསར་པའི་རླངས་འཁོར་ཚོང་ཁང་གི་ཐོན་རྫས་གཙོ་བོར་གྱུར་ཡོད་པ་དང་། ལས་དོན་པས་བློ་འདྲི་བྱེད་པར་ཡོང་བའི་འཛད་སྤྱོད་པར་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་བྱེད་ནུས་ངོ་སྤྲོད་ཞིབ་ཕྲ་བྱེད་བཞིན་མཆིས། “ནུས་རྒྱུ་གསར་པའི་རླངས་འཁོར་བཏང་ན་ཧ་ཅང་སྐྱིད་པོ་འདུག གློག་གསོག་སྟབས་བདེ་ལ་འགྲོ་གྲོན་ཡང་འབར་སྣུམ་རླངས་འཁོར་དང་བསྡུར་ན་གྲོན་ཆུང་མི་ཉུང་བ་བྱེད་ཐུབ”ཅེས་བློ་འདྲི་བྱེད་མཁན་གྲོང་མི་ཆེ་གེ་མོས་གསར་འགོད་པར་དེ་ལྟར་བཤད།

    འཛད་སྤྱོད་དར་འཕེལ་འགྲོ་བ་དེ་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཀྱི་སྣེ་ཁྲིད་དང་རྒྱབ་སྐྱོར་ནུས་ལྡན་དང་ཁ་འབྲལ་ཐབས་མེད་ཅིང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་ཆེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་སྐུལ་སྤེལ་ཆེད་དོན་བྱ་སྤྱོད་ཀྱི་སྲིད་ཇུས་དང་བྱ་ཐབས》དང《2025ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་སྡེ་ཚན་9ཡི་བརྡ་ཐོ》སོགས་ཡིག་ཆ་རབ་དང་རིམ་པ་བཏོན་པ་དང་། དེའི་དམིགས་ཡུལ་ནི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་རྒྱུན་མཐུད་བྱས་ནས་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱ་རྒྱུ་དེ་རེད།

    གྲངས་གཞི་ལས་མངོན་པར། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་གསར་པ་དང་ཚོང་སྐུལ་བྱེད་སྒོ་རབ་དང་རིམ་པའི་སྐུལ་ཁྲིད་ནུས་ལྡན་འོག ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་ལྗོངས་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་6500ལས་བརྒལ་བ་དང་། བདག་ཡོད་གྲངས་ཚད་ཁྲི་2ལས་བརྒལ་བ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་ཚད་5.24%ཟིན་པས་འཕེལ་ཕྱོགས་བཟང་པོ་མངོན་ཡོད།

    རྨང་གཞི་འདིང་རྒྱུ་སྔོན་ལ་ལག་བསྟར་བྱས་པ།

    “གློག་གསོག་སེམས་ཁྲལ”གྱི་དཀའ་གནད་བསལ་བ།

    ནུས་རྒྱུ་གསར་པའི་རླངས་འཁོར་བདག་ཡོད་གྲངས་ཚད་འཕར་བ་དང་ཆབས་ཅིག་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཀྱང་དུས་མཉམ་དུ་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་གྱི“ལམ་ཐག་གི་སེམས་ཁྲལ”གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། རང་ལྗོངས་ཀྱིས《གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་བཏོན་ནས་གློག་སྡོང་འཛུགས་སྐྲུན་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། མིག་སྔར“གྲོང་ཁྱེར་གྱི་ངོས་དབྱིབས་དང་། གཞུང་ལམ་གྱི་ཐིག་དབྱིབས། གྲོང་གསེབ་ཀྱི་ཚེག་དབྱིབས”བཅས་ཀྱི་གློག་གསོག་དྲ་རྒྱ་འཛུགས་སྐྱོང་རགས་ཙམ་བྱས་ནས་རུབ་འདུས་རྣམ་པའི་གསོག་བརྗེའི་ས་ཚིགས་གཙོ་བོ་དང་ཁ་ཐོར་རྣམ་པའི་གློག་སྡོང་གཞོགས་འདེགས་སུ་བྱས་པའི་གློག་གསོག་རྨང་གཞིའི་སྒྲིག་བཀོད་མ་ལག་ཆགས་ཡོད།

    ལྷ་ས་གྲོང་ཁྱེར་སྣེའུ་མཁར་ཆེན་གྱི་རླངས་འཁོར་འཇོག་སར་ནུས་རྒྱུ་གསར་པའི་འཁོར་བདག་མི་ཉུང་བ་ཞིག་གིས་དེ་གར་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་ས་ནས་རླངས་འཁོར་ལ་གློག་གསོག་བཞིན་ཡོད་ཅིང་། ལག་ཐོགས་ཁ་པར་ནས་ཨང་བཤེར་དང་། དྲ་ཐོག་ནས་དངུལ་སྤྲོད། མཐེབ་གཅིག་གློག་གསོག་བཅས་བྱས་ནས་དུས་ཡུན་སྐར་མ་ཕྱེད་ཀ་ཡང་མ་འགོར་བར་རླངས་འཁོར་ལ་གློག་གསོག་ཐུབ། སྟབས་བདེ་བའི་གློག་གསོག་ཉམས་ལེན་དེ་འདྲ་ལས“ལམ་ཐག་གི་སེམས་ཁྲལ”དེ་ནུས་རྒྱུ་གསར་པའི་འཁོར་བདག་གི་དཀའ་ངལ་དུ་གྱུར་མེད།

    ལྷ་སའི་གྲོང་མི་མཁའ་འགྲོས“གློག་གང་བསགས་ན་སྤྱི་ལེ་420ལ་སྐྱོད་ཐུབ་པ་དང་གཟའ་འཁོར་གཅིག་རིང་འདང་གི་འདུག ད་ཆ་གྲོང་ཁྱེར་ལྟེ་གནས་ཀྱི་ས་ཆ་གང་དུའང་གློག་སྡོང་ཡོད་ལ། རླངས་འཁོར་འཇོག་ས་ཁག་གཅིག་ཏུའང་ཡོད་པས་གློག་གསོག་རྒྱུ་ཧ་ཅང་སྟབས་བདེ་འདུག”ཅེས་བཤད།

    ཁྱབ་ཁོངས་ཀྱི་ཚད་བརྒལ།

    ལྗང་མདོག་ཕྱོགས་སྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།

    ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་དང་བེད་སྤྱོད་དེ་སྤྱི་སྤྱོད་འགྲིམ་འགྲུལ་གྱི་མ་ལག་ཁྲོད་དུ་ཡང་མངོན་བཞིན་ཡོད།

    སྤྱི་པའི་འགྲིམ་འགྲུལ་ནི་གྲོང་ཁྱེར་འགྲིམ་འགྲུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྤྱི་པའི་ཞབས་ཞུའི་འགག་རྩའི་ལྷུ་ཚིགས་ཤིག་ཀྱང་ཡིན། དེའི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ན་གྲོང་ཁྱེར་གྱི་འཛེར་སྒྲའི་སྦགས་བཙོག་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། རྒྱ་ཆེའི་གྲོང་མིར་དེ་བས་ལྷིང་འཇགས་དང་། སྟབས་བདེ། སྐྱིད་སྣང་བཅས་ཀྱི་འཚོ་བའི་ཁོར་ཡུག་བསྐྲུན་ཐུབ་པས། དེ་ནི་གྲོང་ཁྱེར་དེ་ཉིད་སྤུས་ཚད་སྔར་ལས་བཟང་བ་དང་དེ་བས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན།

    རླངས་འཁོར་བཏང་ནས་ལོ་བརྒྱད་སོང་བའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་བློ་བཟང་བསྟན་འཛིན་ཉིན་རེ་བཞིན་ལྷ་སའི་ཁྲོམ་གཞུང་གང་སར་སྐྱོད་ཀྱི་ཡོད་ཅིང་། ཁོང་ལ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཐད་མྱོང་ཚོར་ཟབ་མོ་ཡོད་དེ། “སྲོལ་རྒྱུན་གྱི་སྤྱི་སྤྱོད་རླངས་འཁོར་དང་བསྡུར་ན་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ལ་བཙོག་འབུད་གང་ཡང་མེད་ལ་ཁོར་ཡུག་སྲུང་སྐྱོང་དེ་བས་ཆེ་བ་མ་ཟད། ཚན་རྩལ་གྱི་ཉམས་སྣང་སྔར་བས་ཟབ་པ་དང་རྐུབ་སྟེགས་ཇུས་འགོད་ཧ་ཅང་ལུགས་མཐུན་རེད། གཅེས་སེམས་ཀྱི་རྐུབ་སྟེགས་ཡིན་ན་ཡང་འདྲ། ཁ་ལོ་བའི་རྐུབ་སྟེགས་ཡིན་ནའང་འདྲ། སྐྱིད་སྣང་དོད་པོ་ཡོད”ཅེས་བཤད།

    ནུས་རྒྱུ་གསར་པའི་རླངས་འཁོར་ནི་ས་མཐོའི་ཡུལ་ལུང་གི“ཡུལ་ལྗོངས་གསར་པ”ལྟ་བུ་ཞིག་ཡིན་ལ། དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་སྐྱོད་བཞིན་ཡོད་པས། གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་དམངས་འཚོ་ལེགས་སུ་གཏོང་བར་ལྗང་མདོག་གི་སྒུལ་ནུས་རྒྱུན་ཆད་མེད་པར་སྣོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།