དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སེ་འབྲུའི་མེ་ཏོག་རབ་ཏུ་བཞད། མི་རིགས་མཐུན་སྒྲིལ་གཏམ་རྒྱུད་སྙན།

    ——ཆབ་མདོ་གྲོང་ཁྱེར་གྱིས“འཆར་གཞི་གསུམ”ལག་བསྟར་བྱས་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-19

    འདི་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྲིད་གཞུང་གི་ཟ་ཁང་ནང་མི་རིགས་ཁག་གི་མང་ཚོགས་མཉམ་དུ་འཛོམས་ནས་ཐང་ཡོན་བཟོ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བརྩིས་པ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་འདུ་འགོད་དམ་འཛིན་བྱ་གཞིར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་དེ་ཁྱབ་ཁོངས་དེ་བས་ཆེན་པོ་དང་། ཁྱབ་རྒྱ་དེ་བས་ཆེན་པོ། རིམ་པ་དེ་བས་མཐོ་པོ་བཅས་ཀྱི་ཕྱོགས་སུ་རྒྱ་སྐྱེད་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    སྒར་རེས་རྣམ་པའི་འཕེལ་རྒྱས་བརྒྱུད་མི་རིགས་ཁག་གི་དཔལ་འབྱོར་གཅིག་ལ་གཅིག་རྟེན་ཡོང་བར་སྐུལ་འདེད་བཏང་བ།

    ལོ་མང་རིང་ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྒར་རེས་རྣམ་པའི་འཕེལ་རྒྱས་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་ཞིང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྡེ་ཁུལ་གྱི་མཉམ་སྐྲུན་བྱ་སྤྱོད་གཞི་རྟེན་དུ་བྱས་པ་དང་། “མཉམ་འདྲེས”ཀྱི་ཁྲིད་སྟོན་འབུར་དུ་ཐོན་པར་བྱས་ནས་ཐུན་མོང་རང་བཞིན་ཆེ་རུ་བཏང་བ། “ཕན་ཚུན་སྒར་རེས”ལ་གཞི་ཚུགས་ནས་ཁ་རུབ་ཆུས་ལྟེ་བར་བྱས་ཏེ་རྫོང་10དང་འབྲེལ་མཐུད་ཀྱིས་གྲོང་ཁྱེར་གྱི་མི་རིགས་ལས་དོན་གྱི་ལམ་སྲོལ་དང་སྡེ་ཁུལ་ཞབས་ཞུའི་བྱེད་ནུས་བཀོད་པ་ལེགས་སུ་བཏང་ཡོད། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་580བཏང་སྟེ“སེ་འབྲུའི་འབྲུ་གུ”དང་། “མཐུན་སྒྲིལ་ཁང” “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒོ་ར”སོགས་བརྗོད་དོན་མི་འདྲ་བའི་སྒར་རེས་རྣམ་པའི་སྡེ་ཁུལ་34དང་དཔེ་སྟོན་ཟ་ཁང་1བསྐྲུན་པ་དང་། མང་ཚོགས་ཁྲི་1.96ལ་གྲོང་ཁྱེར་དང་གྲོང་རྡལ་དུ་འཚོ་བ་སྐྱེལ་བར་བསྐྱོད་རྒྱུའི་ཁྲིད་སྟོན་བྱས་པ། མང་ཚོགས་4000ལྷག་ཙམ་ས་ཁུལ་ཕྱི་རོལ་དུ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ་བཅས་བརྒྱུད། མི་རིགས་ཁག་གི་མང་ཚོགས་ལ་གྲོགས་པོ་བློས་ཐུབ་རག་པ་དང་། ཁྱིམ་མཚེས་འཆམ་མཐུན་བྱུང་བ། བཟའ་ཚང་དགའ་མཐུན་བཅས་བྱུང་སྟེ“གྲུབ་ཚུལ་སྒར་རེས་དང་། བྱེད་ནུས་ཕན་གསབ། རིན་ཐང་གསབ་རེས”བཅས་ཀྱི་མ་ལག་ཆ་ཚང་ཞིག་གྲུབ་ཡོད།

    དེ་དང་ཆབས་ཅིག གྲོང་གསེབ་ནས་ཁ་བྲལ་མྱོང་མེད་པའི་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱི་ནང་དུ“ས་མཐོའི་སེ་འབྲུ་དམར་པོ”ཞེས་པའི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་ཁག་ཐེངས་565སྤེལ་བ་བརྒྱུད། མང་ཚོགས་ཁྲི་1.66ལྷག་ཙམ་ལྟ་སྐོར་སློབ་སྦྱོང་ནང་ཞུགས་རྒྱུ་བྱུང་བ་དང་། མིག་རྒྱང་རིང་དུ་སོང་བ། འདུ་ཤེས་ལ་འགྱུར་ལྡོག་བྱུང་ཡོད།

    གཞོན་སྐྱེས་འཚར་ལོངས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་མི་རིགས་དབར་བརྩེ་དུང་ཟབ་ཏུ་བཏང་བ།

    ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས། གཞོན་སྐྱེས་འཚར་ལོངས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་བ་དང་། རང་རེའི་ཀྲུང་ཧྭ་ལ་དགའ་བའི་ལོ་ཆུང་བྱིས་པ་གསོ་སྐྱོང་གི་བྱ་སྤྱོད་སྤེལ་རྒྱུ་གཞི་རྟེན་དུ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་712ཀྱིས“སློབ་གྲྭ་རེར་ཁྱད་ཆོས་རེ་ལྡན་པ་དང་ཁང་རེར་སྤུས་རྟགས་མང་བའི”བསམ་ཕྱོགས་གཞིར་བཟུང་། ཀུན་སྤྱོད་སློབ་གསོའི་ཁང་དང་། རོལ་དབྱངས་ཁང་། ཞབས་བྲོ་ཁང་། མཛེས་རྩལ་ཁང་སོགས་སྣ་མང་ཅན་གྱི་བྱེད་སྒོ་སྤེལ་ཡུལ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། “རིགས་པའི་གཞུང་ལུགས་དང་ལག་ལེན”ཟུང་འབྲེལ་གྱི་ཞིབ་འཇུག་སློབ་སྦྱོང་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གཞོན་ནུ་ལོ་ཆུང་800ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རིམ་པ་ཁག་དང་རིགས་ཁག་གི་དགུན(དབྱར)སྒར་བྱེད་སྒོ་ཐེངས་76སྤེལ་བ་དང་ལྗོངས་ཕྱིའི་སློབ་གྲྭ་27དང་ལོ་ཆུང་གདོང་ལེན་རུ་ཁག་52དང་ཆ་སྒྲིག་བྱས་ནས། འཕྲིན་ཡིག་ཀློག་འདོན་འགྲེམས་སྟོན་དང་ཕ་ཡུལ་གྱི་འགྱུར་ལྡོག་མཉམ་སྤྱོད་སོགས་བྱས་ཏེ་གཞོན་ནུ་ལོ་ཆུང་4000ལྷག་ཙམ“འཕྲིན་གཏོང་ལག་གདང་སྦྲེལ་བའི”བྱེད་སྒོར་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་ཅེས་ངོ་སྤྲོད་བྱས།

    རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ནས་མི་རིགས་ཁག་གི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བ།

    ཆབ་མདོ་གྲོང་ཁྱེར་གྱིས་སྔར་ནས་བཟུང་ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུཌ་གཏོད་མཛེས་ལྗོངས་ཁུལ་དུ་ཁྱབ་གདལ་གཏོང་རྒྱུ་གཞི་རྟེན་དུ་བྱས་ཏེ“རིག་གནས་ཡུལ་སྐོར་དང་མི་རིགས་མཐུན་སྒྲིལ”མཉམ་འདྲེས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས《ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་རྒྱུན་འཛིན་སྲོལ་ཡིག》འདོན་པ་དང《ཆབ་མདོ་གྲོང་ཁྱེར་གྱི“བོད་ཀྱི་ཨང་དང་པོའི”རིག་གནས་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་འཆར་གཞི》སྒྲིག་བཟོ་བྱེད་པ《ས་ཁོངས་མཉམ་འགུལ་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པའི་ཇུས་གཞི》དང《ཇ་རྟའི་གནའ་ལམ་དང་ཐང་བོད་གནའ་ལམ་གཉིས་ཀྱི་རིག་གནས་ཡུལ་སྐོར་བར་ཁྱམས་སྐྲུན་པའི་ཇུས་གཞི》པར་འགྲེམས་བཅས་བྱས་ཏེ། “30+N”ཡི་བོད་ཀྱི་ཨང་དང་པོའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་འགྲེམས་སྟོན་ལས་གྲྭ་མགྱོགས་མྱུར་ལག་ལེན་བསྟར་བ་དང་། “དམར་མདངས་བཀྲ་བའི་ཆབ་མདོའི”རིག་གནས་ཡུལ་སྐོར་གྱི་IPགཏོད་པ། “4+6”ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། བྱམས་པ་གླིང་དགོན་དང་། སྨར་ཁམས་ཀྱི་ཚྭ་ཁ་ལྷོ། ཁ་རུབ་ཀྱི་ཀརྨ་རོང་། དཔའ་ཤོད་ཀྱི་ར་འོག་མཚོ་བཅས་མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་ལེགས་ལམ་ཐིག་བཞི་འདོན་པ། གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་དང“ཅིན་བོད་མཐུན་སྒྲིལ་རྟགས་ཅན”གྱི་སྒུལ་བདེའི་དྲིལ་བསྒྲགས་འགྲེམས་སྟོན། “ཁྲུང་ཆིང་དང་ཆབ་མདོའི”རིག་གནས་ཡུལ་སྐོར་ཐོན་ཁུངས་དྲ་རྒྱ་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་བདེ་བླག་ངང་གཉེར་བ་བཅས་བྱས་ཏེ། རིག་གནས་དང་ཡུལ་སྐོར་ལས་གཏོད་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གོམ་སྟབས་གཅིག་གྱུར་ཡོང་བར་རམ་འདེགས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་གསུམ་རིང་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་849.44ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་69.65བྱུང་བ་དང་ལོར་ཆ་སྙོམས་52%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།