གནད་སྨིན་སྒྱུར་བཀོད་བྱས་ནས་དཀའ་གནད་སེལ། བཅོས་སྐྱོང་ཞིབ་ཕྲ་བྱས་ནས་བདེ་འཇགས་སྲུང་།
——ཆབ་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་གྲོང་ཁྱེར་གྱི་དམངས་འཚོའི་རྣམ་པ་གསར་པ་བཏོད་པ།
“སྔོན་ཆད་ཆར་པ་བབས་རིམ་བཞིན་བར་ཁྱམས་ནས་དྲི་ངན་ཞིག་འཐུལ་བ་དང་དགུན་དུས་ཆུ་མདོང་ལ་འཁྱགས་པ་ཡང་ཡང་ཐེབས་ཀྱི་ཡོད། ད་ལྟ་སྣང་ཚུལ་དེ་འདྲ་མཐོང་རྒྱུ་མེད། ས་འོག་ཆུ་འགྲོ་ཤར་གཏོང་ཐུབ་པ་དང་། རླངས་འཁོར་འཇོག་སར་གློག་སྡོང་ཡོད་པ། སྡོད་ཁང་བརྟན་དུ་བཏང་ཡོད་པས་བློ་བདེ་པོ་འདུག”ཅེས་ཆབ་མདོ་གྲོང་ཁྱེར་གློག་འཕྲིན་ཁུལ་ཆུང་གི་གྲོང་མི་བསོད་ནམས་དངོས་གྲུབ་ཀྱིས་ཁྱིམ་ཚང་གི་འགྱུར་ལྡོག་སྐོར་གླེང་བཞིན་དགའ་ཚོར་ཆེན་པོས་དེ་ལྟར་བཤད།
བདེ་སྐྱིད་ལྡན་པའི་འགྱུར་ལྡོག་དེ་ལྟ་བུ་ནི་ཆབ་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས“ཡུལ་བབ་དང་བསྟུན་པ་དང་གནད་སྨིན་ཇུས་བསྟར”མཐའ་འཁྱོངས་བྱས་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། གྲོང་མིའི་བདེ་འཇགས་དགོས་མཁོ་དང་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་བྱ་རྒྱུ་རྨང་གཞིར་བྱས་ཏེ། གྲོང་མིའི་འཚོ་བར་སྟབས་བདེ་བསྐྲུན་པ་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས། ཆབ་མདོ་གྲོང་ཁྱེར་གྱི་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་ནུས་ཤུགས་ཡོད་རྒྱུས་སྐུལ་འདེད་བཏང་ཡོད། ཆབ་མདོ་གྲོང་ཁྱེར་གློག་འཕྲིན་ཁུལ་ཆུང་གི་ཆུ་འབུད་སྒྱུར་བཀོད་དང་། ཕྱི་རྩིག་མཛེས་བཟོ། ཐོག་ཁའི་ཆུ་འགོག་སོགས་ལས་གྲྭའི་ཐད་ཀྱི་སྒྱུར་བཀོད་རིམ་སྤོར་ནི་ཆབ་མདོ་གྲོང་ཁྱེར་གྱིས་དམངས་འཚོ་ཕྱོགས་སྟོན་དུ་བྱས་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
འདི་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སྐུལ་སྤེལ་བཏང་ཡོད། མདོང་ལམ་དྲ་བ་སྒྱུར་བཀོད་དང་། ནུས་པ་འཐུས་ཚང་དུ་གཏོང་བ། མངོན་མེད་རྐྱེན་ངན་མེད་པ་བཟོ་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། ཁུལ་ཆུང་རྙིང་པ་19“ཕྱི་ངོས་མཛེས་བཟོ”ནས“སྒྲིག་བཀོད་འགྱུར་ལྡོག་དང་འཚོ་བར་སྟབས་བདེ་སྐྲུན་པའི”བར་གྱི་འགྱུར་ལྡོག་ལ་སྐུལ་འདེད་བཏང་སྟེ། དུད་ཚང་4660ལྷག་ཙམ་གྱི་སྡོད་གནས་ཀྱི་སྤུས་ཚད་དང་ལྷན་སྦྱར་སྒྲིག་བཀོད་རིམ་སྤོར་བྱུང་བས་མང་ཚོགས་བློ་ཡིད་ཚིམ་ཚད་95%ཡན་ཟིན་ཡོད་པ་རེད།
སྡོད་ཁང་འགན་སྲུང་ནི་དམངས་འཚོའི་རྨང་གཞི་ཡིན་ཞིང་། ཆབ་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་སྡོད་ཁང་འགན་སྲུང་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་། རིམ་རྩིས་བརྒྱབ་ན། འགན་སྲུང་རང་བཞིན་གྱི་སྡོད་ཁང་16329བསྐྲུན་ནས་ཁྱིམ་ཚང་ཁྲི་1.2ལ་ཕན་པ་ཐོབ་པ་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ཁག་119ལག་བསྟར་བྱས་ནས་དུད་ཚང་48790གྱི་མང་ཚོགས་ཁྲི་14.64ཡི་སེམས་ཁྲལ་བསལ་ཡོད། འགན་སྲུང་བྱེད་སྟངས་ཐད“བོགས་གཏོང་ཁ་གསབ་དང་དངོས་རྫས་བགོ་སྒྲིག་བོགས་གཏོང་ཟུང་འབྲེལ”བྱེད་སྟངས་གསར་གཏོད་ངང་ཁྱབ་སྤེལ་བཏང་སྟེ། གཟིགས་སྐྱོང་བྱ་ཡུལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་། ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པའི་ཁྱིམ་ཚང་སོགས་དམིགས་བསལ་ཚོགས་སྤྱི་སྔོན་ལ་འགན་སྲུང་ཁྱབ་ཁོངས་སུ་བཅུག་སྟེ། ཡོང་འབབ་དམའ་བའི་ཁྱིམ་ཚང་དང་ཕྱི་ནས་ཡོང་བའི་ལས་མི་སོགས་དུད་ཚང་2321གི་མི་4384ལ་ཁྱབ་ནས་སྲིད་ཇུས་ཀྱི་དྲོ་སྐྱིད་ལ་བརྟེན་ནས་མང་ཚོགས་གྱི“བདེ་སྡོད་ཕུགས་འདུན”མངོན་འགྱུར་བྱུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།