དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུལ་ཟོག་ཐོན་ལས་ཆེན་པོར་གྱུར་པ།

    ——རང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-19

    ལེ་ཚན་གཏོད་པའི་གཏམ།

    2025ལོ་ནི་བོད་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“དོན་ཆེན་བཞི”དོན་འཁྱོལ་བྱེད་པར་དམ་པོར་དམིགས་ནས་དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་འཕར་བ་དང་། ནུས་ལྡན་མ་འཇོག་རྒྱུན་མཐུད་རྒྱ་སྐྱེད་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་ཞིང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད།

    ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མུ་མཐུད་གདེང་ཚོད་བརྟན་གཏོང་དང་། གོ་སྐབས་དམ་འཛིན། གསར་གཏོད་ཡར་བརྩོན་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱ་ཆེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“2025·བོད་ཀྱི་ཐོན་ལས་ཆེན་པོ་དགུར་ལྟ་ཞིབ”ཅེས་པའི་ལེ་ཚན་བཏོན་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་བྱུང་བའི་འགྱུར་ལྡོག་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

    ཟླ་12ཚེས་15ཉིན་གྱི་སྔ་དྲོར། ནག་ཆུའི་འབྲོག་ལས་ཐོན་རྫས་འགྲེམས་ཚོང་བྱ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཨ་མདོ་རྫོང་གི་འབྲོག་པ་དབང་གྲགས་ཀྱིས་བཙོངས་མ་ཐག་པའི་སྟོད་མའི་ལུག་ཤ་ཐུམ་རྒྱག་བཞིན“སྔོན་ཆད་ལུག་གསོ་བར་གནམ་ལ་བརྟེན་དགོས་ཀྱི་ཡོད་པས། གངས་སྐྱོན་བྱུང་ཚེ་ངལ་བ་འབྲས་མེད་དུ་འགྱུར་གྱི་ཡོད། ད་ལྟ་སྲིད་གཞུང་གིས་ཁ་གསབ་སྤྲད་ནས་ཚད་ལྡན་ཅན་གྱི་ལུག་ཚང་བསྐྲུན་པ་དང་ལག་རྩལ་པས་ཚན་རིག་དང་མཐུན་པའི་གསོ་སྟངས་སློབ་ཁྲིད་བྱས་པས། ལུག་གསོན་ཚད་མང་དུ་སོང་སྟབས། ད་གཟོད་ང་ཚོར་ལུག་ཤ་མང་པོ་འདི་ལྟ་བུ་འཚོང་རྒྱུ་བྱུང་ཡོད”ཅེས་བཤད།

    ཉིན་དེའི་འགྲེམས་ཚོགས་ཐོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་4495.92ཟིན་ནས་འགོ་ཚུགས་མ་ཐག་གྲུབ་འབྲས་ཡག་པོ་ཐོབ་པ་དེ་ཐོག་ནས་རང་ལྗོངས་ཀྱི་སྲོལ་རྒྱུན་འབྲོག་ལས་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་བརྟན་པོ་ཡོད་པའི་དཔང་པོ་བྱས་པ་རེད།

    འབྲུ་རིགས་ཐོན་འབབ་ཏུན་ཁྲི་115ལས་ཐོག་མར་བརྒལ་བ་དང་། སྔོ་ཚལ་ཐོན་འབབ་ཏུན་ཁྲི་100ལས་བརྒལ་རེ་ཡོད་པ། ཁེ་ལུང་འབྲི་གཡག་ས་བབ་མཐོ་ཚད་སྨི་4300ཟིན་པའི་ས་མཐོར་བདེ་ཐང་ངང་འཚོ་བ་ལ་སོགས་གྲང་ངར་ཆེ་བའི་དགུན་དུས་སུ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    གྲངས་ཀ་དེ་དག་ལས་གཏན་ཚིགས་ཤིག་གསལ་པོར་མཚོན་པ་སྟེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱད་ལྡན་ཡུལ་ཟོག་དེ་ཐོན་ལས་ཆེན་པོར་བརྩིས་ནས་གཉེར་སྐྱོང་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་ཐོན་ནུས་ལ་སྐུལ་སྤེལ་དང་། སྣེ་འདྲེན་ཁེ་ལས་ལ་བརྟེན་ནས་ཕན་འབྲས་ལ་སྐུལ་འདེད། ཐོན་ལས་གསུམ་མཉམ་འགུལ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཅས་བཏང་སྟེ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དེ་ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི“བརྟན་ལྷིང་ཕུར་པ”དང“གསོན་ཤུགས་འབྱུང་ཁུངས”སུ་འགྱུར་བར་བྱས་ཡོད།

    ལག་རྩལ་ལ་བརྟེན་ནས་ཐོན་ནུས་འཕེལ་རྒྱས་བཏང་བ་དང་ཞན་ཆ་ལེགས་ཆར་གྱུར་པ།

    གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་གི་ཞོགས་པའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བརྒྱད་ལ་སླེབས་པ་དང་ཤང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་རྡོ་རྗེ་ཚེ་བརྟན་གྱིས་རྩི་ཤིང་སྲུང་སྐྱོབ་ཀྱི་མི་མེད་གནམ་གྲུ་བཏང་ནས་ས་ཞིང་མུའུ་150ལ་རྩྭ་སེལ་སྨན་རྫས་གཏོར་བའི་ལས་ཀ་མགྱོགས་མྱུར་ལེགས་འགྲུབ་བྱུང་ཞིང་། ཁོང་གིས“སྔོན་ཆད་མི་20ཡིས་ཉིན་གཉིས་རིང་ལས་ཀ་བྱེད་དགོས་པ་དེ་ད་ལྟ་ཇ་ཡུན་ཙམ་གྱི་དུས་ཚོད་ནང་ལས་ཀ་ཚང་མ་ཚར་གྱི་འདུག”ཅེས་མྱོང་ཚོར་ཆེན་པོས་བཤད།

    ས་མཐོར་ས་ཞིང་འདེབས་པ་དང་ཕྱུགས་རིགས་གསོ་ཚགས་བར“གྲང་ངར་ཆེ་བ་དང་། གསོ་རླུང་དཀོན་པ། ས་རྒྱུ་ཞན་པ”ཞན་ཆ་ཡིན་པས་དེར་འགྱུར་ལྡོག་གཏོང་རྒྱུ་ནི་ལག་རྩལ་ལ་ཐུག་ཡོད། རང་སྐྱོང་ལྗོངས་ཀྱིས“ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་བྱེད་སྟངས་བསྒྱུར་རྒྱུ”དེ་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་གྱི་གདམ་ག་དང་པོར་གཏན་འཁེལ་བྱས་ཏེ་གྲངས་འཛིན་ལག་རྩལ་གྱིས་ཞིང་འབྲོག་ལས་དེང་རབས་ཅན་ལ་མཐུན་རྐྱེན་སྦྱོར་བ་དང“ལྟེ་བ་གཅིག་གིས་སྣེ་ཁྲིད་དང་ས་ཁོངས་ཡོངས་མཉམ་འགུལ”གྱི་འཕེལ་རྒྱས་བཀོད་པ་བསྐྲུན་ཡོད།

    ལག་རྩལ་གསར་བརྗེ་བྱས་པ་ལས་ཐོན་ནུས་ཆེ་རུ་ཕྱིན་ཞིང་། 2025ལོར་ལྗོངས་ཡོངས་ཀྱི་ནས་ཐོན་འབབ་ཏུན་ཁྲི་90.5ཟིན་པ་དང་། དུས་ཚིགས་དང་པོ་ནས་གསུམ་པ་བར་རྩྭ་མུའུ་ཁྲི་56.6བཏབ་པ། ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་1993ཟིན་པ། ཤ་སྒོང་དང་དཀར་ཆུའི་ཐོན་འབབ་དུས་མཚུངས་ལས་10.6%འཕར་བ་བཅས་རེད།

    གསར་གཏོད་ལ་བརྟེན་ནས་མདུན་སྐྱོད་དང་ལག་རྩལ་ལ་བརྟེན་ནས་འབོར་ཚད་ཆེ་རུ་བཏང་ཞིང་། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་འགག་སྒོ་དང་པོ་ནི་ཆེ་ཆུང་བསྡུར་རྒྱུ་དེ་མ་ཡིན་པར། རྣམ་པ་བསྡུར་རྒྱུ་དེ་རེད། སུ་ཞིག་གིས་ཡུལ་ཟོག་ཆུང་ཤོས་དེ་འགྲན་རྩོད་ཆེན་པོ་ལྡན་པའི་དངོས་པོ་ཞིག་ཏུ་གྱུར་ཐུབ་ན། དེས་ཐོན་རྫས་ཆུང་ངུ་ལས་ཐོན་ལས་ཆེན་པོ་གཏོད་ཐུབ་ཀྱི་རེད།

    གཞེས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ནས་ཀྱི་ཐོན་ལས་དེ་སྲོལ་རྒྱུན་གྱི་རགས་ལས་ལས་སྣོན་ནས་རིམ་བཞིན་ལས་སྣོན་ཞིབ་ཚགས་སུ་ཕྱོགས་སྒྱུར་བྱ་རྒྱུ་དེ་ནི་དཔེ་མཚོན་ཡག་ཤོས་ཤིག་རེད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་ཅང་ནན་སློབ་ཆེན་སོགས་ལས་ཁུངས་ཀྱིས་འགག་སྒྲོལ་བྱས་པའི་འོག ནས་ཕྱེའི་ངོ་བོ་བསྒྱུར་བའི་ལག་རྩལ་ཐད་ཚད་བརྒལ་བྱུང་ཡོད། “ནས་ཀྱི་ལོ་སྒྲིལ་འབྲས་ཆན་དང་། ནས་ཀྱི་འབྲས་རྔོས་སོགས་ཐོན་རྫས་གསར་པ་དྲ་ཐོག་ཏུ་བཏོན་མ་ཐག་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ཡོད”ཅེས་རྒྱལ་རྩེ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ཁུང་ཅིན་ཆིའུ་ཡིས་སྤོབས་སེམས་ཆེན་པོས་བཤད་པ་དང་སྔོན་དཔག་བྱས་ན་འདི་ལོ་རྫོང་ཡོངས་ཀྱི་ནས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.7ལྷག་ཙམ་ཟིན་ནས་དུས་མཚུངས་ལས་21%འཕར་རེ་ཡོད་པ་རེད།

    “ས་ཞིང་ནས་ལྕེ་ཐོག་བར”གྱི་ལག་རྩལ་གསར་བརྗེ་དེ་ནི་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ལྗོངས་ཕྱི་རོལ་དུ“མུའུ་རེའི་ཐོན་འབབ”འགྲན་སྐབས། བོད་དུ“ས་བབ་མཐོ་བའི་ས་ཁུལ་གྱི་ཐོན་ལས་ཀྱི་ཐོན་འབབ་ཕན་འབྲས”བསྡུར་ནས་ཆ་འཕྲིན་མང་ཙམ་སྤེལ་ཏེ་ཐོན་སྐྱེད་བྱེད་སྟངས་གསར་བརྗེར་སྐུལ་འདེད་བཏང་བས་ཁོར་ཡུག་ཧ་ཅང་ཞན་ཡང་རྒྱལ་ཁབ་རིམ་པའི་གསར་གཏོད་ལག་རྩལ་ཇུས་འགོད་བྱ་ཡུལ་གྱི་ལེགས་ཆ་ཞིག་ཏུ་གྱུར་ཡོད།

    སྣེ་འདྲེན་ཁེ་ལས་ལ་བརྟེན་ནས་ཕན་འབྲས་ཐོན་པར་བྱས་ཏེ་ཚོང་ཟོག་སྤུས་རྟགས་སུ་གྱུར་པ།

    ཞིང་ལས་ཐོན་རྫས་ཕྱིར་འཚོང་ཡག་པོ་མི་ཐུབ་པའི་འབྱུང་རྩ་ནི་སྣེ་འདྲེན་མི་འདང་བ་དང་། འཁོར་འབྲེལ་ཐུང་བ། སྤུས་རྟགས་ཞན་པ་བཅས་ལ་ཐུག་ཡོད། སྣེ་འདྲེན་ཁེ་ལས་ཀྱིས་ཁ་ཐོར་དང་ཉམས་ཞན་གྱི་ཐོན་སྐྱེད་བྱེད་སྟངས་དེ་ལས་ཆོད་ཆེ་ཞིང་ལེགས་བསྡུས་ཞིབ་གཉེར་གྱི“འཁོར་འབྲེལ་གཙོ་བོའི་དཔལ་འབྱོར”དུ་མགྱོགས་མྱུར་བསྒྱུར་ཐུབ་ཀྱི་ཡོད།

    དེར་བརྟེན་ད་ལོའི་ལོ་འགོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ཞིང་འབྲོག་ལས་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ”དང“ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་དང་། དཔེ་སྟོན་ཁྱིམ་ཚང་ཞིང་ར་འཛུགས་གཏོད་གཏིང་ཟབ་ཏུ་གཏོང་བ། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་20གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མིག་སྔར། ལྗོངས་ཡོངས་སུ་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་187ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཁེ་ལས་17དང་རང་སྐྱོང་ལྗོངས་རིམ་པའི་ཁེ་ལས་32ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྲིད་ཇུས་ཀྱི་སྐུལ་ལྕག་དང་། སྤུས་རྟགས་སྐྱེད་སྲིང་། ཚོང་འགུགས་མ་འདྲེན་བཅས་ལ་བརྟེན་ནས་སྣེ་འདྲེན་ཁེ་ལས་རྒྱ་སྟོབས་ཆེ་རུ་འགྲོ་བར་རོགས་རམ་བྱས་ཤིང་། ཕྱོགས་གཅིག་ནས“ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པའི”ལག་བསྟར་ཞིབ་སྲོལ་བཟོས་ནས་འཛུགས་གཏོད་དང་། གཞི་ཁྱོན་ཆེར་གཏོང་། ཚོང་གཉེར་སོགས་འགག་རྩའི་ལྷུ་ཚིགས་ལ་མ་དངུལ་ནས་རྒྱབ་སྐྱོར་བྱས་པ་དང་ཁག་དང་པོའི་གཉེར་སྐྱོང་བྱེད་པོ་26ལ་བྱ་དགའ་སྒོར་ཁྲི་1598སྤྲད་པ་དང་། བྱ་དགའ་ཁག་གཉིས་པ་སྤྲོད་བཞིན་ཡོད་པ་རེད། ཕྱོགས་གཞན་ཞིག་ནས“ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་བོད་དུ་སྐྱོད་པ”དང“ནས་ཀྱི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན”སོགས་ཚོང་འགུགས་བྱེད་སྒོ་གཉེར་ནས་རྣམ་གྲངས་22གན་རྒྱ་བཞག་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་22.93ཟིན་པ་དེའི་ནང་སྒོར་དུང་ཕྱུར་1.65ལག་བསྟར་དོན་འཁྱོལ་བྱུང་ཡོད།

    མཉམ་འདྲེས་ལ་བརྟེན་ནས་ཡོང་འབབ་བསགས་པ་དང་ཐོན་ཁུལ་མཛེས་ལྗོངས་ཁུལ་དུ་གྱུར་པ།

    ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་གིས་ཡར་ཀླུང་གཙང་པོའི་བྱེ་ཐང་དུ་རྒུན་འབྲུམ་མུའུ་9600བཏབ་པ་དང་ཕག་གྲུའི་ཨ་རག་གཞིས་ཀ་བསྐྲུན་ནས“འདེབས་འཛུགས་དང་། སྙོལ་བཟོ། ཡུལ་སྐོར”བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཆགས་པར་མ་ཟད། མཐའ་འཁོར་གྱི་ལག་ཤེས་ཐོན་རྫས་ཕྱིར་ཚོང་དང་ཆུ་ཚན་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོའི་དར་རྒྱས་ལ་སྐུལ་ཁྲིད་ཀྱང་བྱས་ཡོད། གྲམ་ཐང་ནས་སྔོ་གླིང་བར་གྱི་འགྱུར་ལྡོག་ནི་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་ལས་གསུམ་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མཚོ་སྨད་གྲོང་ཚོས“ཞིང་འབྲོག་ལས་དང་། ལག་ཤེས་བཟོ་ལས། རིག་གནས་ཡུལ་སྐོར་ལས་རིགས་བཅས་ཟུང་འབྲེལ”གྱི་རྣམ་པ་བརྒྱུད། ན་ནིང་གྲོང་ཚོའི་མཉམ་སྡེབ་ལ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་109བྱུང་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6ཟིན་ཡོད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོས་ནས་ཆང་ཐོན་ལས་ལྟེ་བར་བྱས་ཏེ་དམངས་སྲོལ་གནས་ཚང་དང་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་ཟུང་འབྲེལ་བྱས་པར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ལོ་རེར་ཆ་སྙོམས་26%འཕར་ཏེ་2024ལོར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད། ཐོན་ལས་གསུམ་མཉམ་འདྲེས་བྱས་པ་ལས་ཡོང་འབབ་ལྡབ་འགྱུར་བྱུང་བ་སྟེ། སྐྱེ་ཁམས་ཡུལ་ལྗོངས་ལ་གྱུར་པ་དང་། རིག་གནས་ཟློས་གར་དུ་གྱུར་པ། ཞིང་པ་རྐང་བདག་ལ་གྱུར་པ་བཅས་ལས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལ“གཏོར་སྐྱོན་མི་ཕོག་པ་དང་མི་ཉམས་པའི”རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རྙེད་པས། ཐོན་ལས་ཁུལ་དེ་མཛེས་ལྗོངས་ཁུལ་ལ་དངོས་སུ་གྱུར་ཡོད།

    གྲོང་གསེབ་དར་རྒྱས་གཏོང་དགོས་ན་ངེས་པར་དུ་ཐོན་ལས་དར་རྒྱས་གཏོང་དགོས་པ་དང་། ས་མཐོའི་མི་དམངས་ཕྱུག་པོ་ཆགས་དགོས་ན་ངེས་པར་དུ་ཡུལ་ཟོག་དེ་ཐོན་ལས་ཆེན་པོར་བསྒྱུར་དགོས་པ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་ལམ་བུས་སླར་ཡང་ར་སྤྲོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།