དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོའི་དོན་ཆུང་ཧུར་ཐག་བསྒྲུབས། དམངས་ཀྱི་བདེ་སྐྱིད་གོང་དུ་བཀུར།

    —— བོད་ཀྱིས་སེམས་དྲོས་ཞབས་ཞུར་བརྟེན་ནས་དམངས་འཚོའི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-19

    ས་མཐོའི་དགུན་དུས་སུ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་ལྕགས་རུ་གྲོང་ཚོའི་སྒོ་རའི་ནང་དྲོ་སོབ་སོབ་ཡོད་ཅིང་། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཡོན་ལས་བྱེད་པས་ལོ་74ལ་སླེབས་པའི་རྒན་མོ་དངོས་གྲུབ་དབང་མོར་ལྷམ་གསར་པ་ཚད་རྒྱག་བཞིན་ཡོད་པ་དང་རྒན་མོའི་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།

    ཉིན་ཤས་བསྟུད་མར། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཚོའི་དུད་ཚང་ཚང་མར་བསྐྱོད་དེ་དགོས་མཁོ་གྲལ་བཤེར་བྱས་ཤིང་། ཏང་ཡོན་ལས་བྱེད་པས་དུད་ཚང་རེ་རེ་བཞིན་དུ་བསྐྱོད་དེ་རྒན་རྒོན་ལ་འདྲེད་འགོག་ལྷམ་དགོས་འདོད་བྱེད་པ་དང་ཕྲུ་གུས་དཔེ་ཁུག་གསར་པ་ཞིག་ཉོ་འདོད་བྱེད་པ། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་འཚོ་བའི་དགོས་མཁོ་སོགས་བསམ་འདུན་ཆུང་ངུ་རེ་རེ་བཞིན་ཐོ་གསལ་པོ་བརྒྱབ་ཡོད།

    འདྲི་རྟོག་བྱེད་རིང་། ཚང་མས་ཅ་དངོས་བསྡུ་གསོག་རྒྱག་ཞོར་དུ་རོགས་རམ་བྱ་ཡུལ་མི་སྣའི་གཟུགས་པོའི་གནས་ཚུལ་དང་འཚོ་བའི་དཀའ་གནད་སྐད་ཆ་དྲིས་ཏེ་ངང་རྒྱུད་རིང་པོས་ཉན་པ་དང་ཟིན་ཐོ་ཞིབ་ཕྲ་བཀོད་ཅིང་། གནད་དོན་ཆུང་ངུ་ཚང་མ་དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པར་སེམས་ཁུར་བྱེད་པ་དང་འབྲེལ་བ་ཡོད་པ་རེད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་མཐའ་འཁྱོངས་བྱས་ཏེ་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་འཁོར་སྐྱོད་ཐབས་ལམ་ཤར་གཏོང་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་བཏོན་ཡོད། ལྷ་སར་བསམ་ཚུལ་འདི་ལྟ་བུ་དྲོ་སྐྱིད་ལྡན་པའི་ཞིབ་ཕྲའི་ལག་ལེན་ལ་འགྱུར་བཞིན་ཡོད།

    འདི་ལོའི་ཟླ་11པར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གསང་ཡིབ་སྡེ་ཁུལ་གྱི་མི་ཧྲེང་རྒན་རྒོན་ལ་གཅེས་སྐྱོང་བྱེད་པའི་དང་བླངས་ཞབས་ཞུའི་རྣམ་གྲངས“བུ་ཕྲུག་གི་དྲན་སྐུལ”ལ་རང་སྐྱོང་ལྗོངས་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེན་མོ་དང་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེན་མོ་སྐབས་གསུམ་པའི་མཐའ་བསྡུར་ལ་དངུལ་གྱི་བྱ་དགའ་ཐོབ་པ་རེད།

    རྣམ་གྲངས་དེ་ནི་དང་བླངས་པ་27དང་ལག་ཁྱེར་ཡོད་པའི་སྤྱི་ཚོགས་ཀྱི་ལས་དོན་པ་5ལས་གྲུབ་ཅིང་། “སྤྱི་ཚོགས་ཀྱི་ལས་དོན་པ་1དང་དང་བླངས་པ་5”ཡི་ཚོགས་ཆུང་གིས་ཞབས་འདེགས་ཞུས་པ་བརྒྱུད། རྒན་རྒོན་ཚང་མར་སྡེ་ཁུལ་དུ་བློ་བདེ་པོ་དང་སེམས་སྐྱིད་པོས་ཚེ་མཇུག་གི་འཚོ་བར་རོལ་ཐུབ་པ་བྱུང་ཡོད།

    མིག་སྔའི་བར། རིམ་རྩིས་བརྒྱབ་ན་རྣམ་གྲངས་དེས་ཞབས་འདེགས་ཞུ་ཡུན་ཆུ་ཚོད་460ལྷག་ཙམ་ཟིན་པ་དང་། སྒོ་རྩར་ཞབས་འདེགས་ཐེངས་120ལྷག་ཙམ་ཞུས་པ། མཉམ་སྡེབ་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བ་བཅས་དང་ཁེར་རྐྱང་དང་ཁེར་སྡོད་རྒན་རྒོན་32ལ“བུ་ཕྲུག”དང་བླངས་པ་མངགས་ཤིང་། ཞབས་འདེགས་ཞུ་སྟངས་དེ་སྡེ་ཁུལ་མང་པོ་ཞིག་ཏུ་ཁྱབ་གདལ་བཏང་ཡོད་པ་རེད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་ལས་ཞུགས་དང་། ཡོང་འབབ། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། སྨན་བཅོས། རྒན་གསོ། བུ་བཅོལ་སོགས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་ལ་དམིགས་ནས་དོ་མཉམ་རང་བཞིན་དང་ཁྱབ་ནུས་རང་བཞིན་ཆེ་བའི་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་བཀོད་སྒྲིག་བྱས་པ་རེད། གངས་ལྗོངས་ས་མཐོར་སྡེ་ཁུལ་གྱི་གཅེས་སྐྱོང་ནས་ལས་ཞུགས་རོགས་སྐྱོར་བར་དམངས་འཚོའི་རྒྱུགས་གཞིར་ལག་ལེན་ཐོག་ནས་ལན་རྒྱག་་བཞིན་ཡོད།

    “ན་ནིང་ཁྱིམ་ལས་གསོ་སྦྱོང་ལ་ཞུགས་རྗེས། ད་ལྟའི་ལས་ཀར་ཟླ་རེའི་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད། ད་དུང་ཁྱིམ་ཚང་ལ་ལྟ་རྟོག་བྱེད་ཐུབ་ཀྱི་འདུག”ཅེས་མངའ་རིས་ས་ཁུལ་སྒར་རྫོང་བདེ་སྐྱིད་གྲོང་གསར་གྱི་སྒྲོལ་མས་ཤེལ་སྒོ་འཕྱིད་ཞོར་དུ་དེ་ལྟར་བཤད། དེ་ནི་སྡེ་ཁུལ་དེའི་གནས་སྤོས་མང་ཚོགས་དུད་ཚང་714ཡི་འཚོ་བའི་བསྡུས་རིས་ཤིག་རེད།

    སྡེ་ཁུལ་ཏང་ཀྲི་པུའུ་ཡིས“བདེ་སྐྱིད་ཁང་གསར་ངལ་ལས”ཀུང་སི་བཙུགས་པར་ཁྱིམ་ལས་དང་། ཨར་སྐྲུན། སྐྱེལ་འདྲེན་སོགས་ཀྱི་ལས་སྒོ་ཡོད་པ་དང་། 2024ལོར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2.465ཟིན་པ་དང་ཁེ་སྤོགས་སྒོར་ཁྲི་296.46བགོས་པས་མང་ཚོགས་ལ་ཐོན་ལས་ཀྱི་གྲུབ་འབྲས་དངོས་དངོས་རྗེན་རྗེན་མཉམ་སྤྱོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།