ཟླ་11པར་རྒྱལ་དམངས་དཔལ་འབྱོར་འཕེལ་ཚུལ་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་མཐུད་ཐུབ་པ།
ཚེས་15ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་11པར་ཐོན་སྐྱེད་དང་མཁོ་སྤྲོད་གཞི་རྩའི་ཆ་ནས་བརྟན་པོ་བྱུང་བ་དང་། ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ཁྲོམ་རའི་རིན་གོང་མུ་མཐུད་བརྟན་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བརྟན་པོ་ཕྱིན་ནས། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཚུལ་རྣམ་པ་མུ་མཐུད་མངོན་ཡོད།
བཟོ་ལས་ཐོན་སྐྱེད་བརྟན་པོ་འཕར་ཞིང་། ཟླ་11པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་4.8%འཕར་བ་དེ་ཟླ་གོང་མའི་བསྡུར་ཚད་ལས་0.44%འཕར་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་6.0%འཕར་ཡོད། ཟླ་11པར་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་4.2%འཕར་ཡོད།
ཞབས་ཞུའི་སིལ་ཚོང་འཕར་ཚད་མགྱོགས་པ་དང་། བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་མུ་མཐུད་མང་དུ་ཕྱིན་པ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བསྐྱར་འཕར་བྱུང་ཞིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་4.0%འཕར་བ་དང་། ཞབས་ཞུའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་5.4%འཕར་ནས་འཕར་ཚད་ཟླ་དང་པོ་ནས་ཟླ་བཅུ་པའི་བར་ལས་བརྒྱ་ཆའི་གྲངས་0.1མགྱོགས་སུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་444035བཏང་བ(ཞིང་དུད་ཚུད་མེད)དེ་དུས་མཚུངས་ལས་2.6%ཆག་པ། ས་ཁང་བདག་ཁོངས་གསར་སྤེལ་ལ་བཏང་བའི་མ་དངུལ་འཐེན་ན། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་0.8%འཕར་ཡོད། དེའི་ནང་བཟོ་སྐྲུན་ལས་རིགས་ལ་མ་དངུལ་གཏོང་ཚད་1.9%འཕར་ཡོད། ཟླ་11པར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་དུས་མཚུངས་ལས་4.1%འཕར་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་4.0མགྱོགས་སུ་ཕྱིན་ཡོད།
ལས་ཞུགས་སྤྱི་ཡོངས་ནས་བརྟན་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་འཕར་ཞིང་། ཟླ་11པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་མངོན་པའི་ལས་ཤོར་བསྡུར་ཚད་5.1%ཟིན་པ་དེ་ཟླ་གོང་མ་དང་གཅིག་མཚུངས་རེད། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI) དུས་མཚུངས་ལས་0.7%འཕར་ནས་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.5མང་དུ་ཕྱིན་པ་དང་། ཟླ་གོང་མའི་བསྡུར་ཚད་0.1%ཆག་ཡོད། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་རྗེས་ལྟེ་བའི་CPIདུས་མཚུངས་ལས་1.2%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།