མཚོ་སྔོན་གྱི་ཚན་རྩལ་བཅོས་སྐྱོང་སྒྱུར་བཅོས་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་འཕེལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་12ཚེས་10ཉིན། གསར་འགོད་པས“‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཞིང་ཆེན་ཚན་རྩལ་ཐིང་གི་ཆེད་དོན་ཚོགས་ར་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་ལ་དམ་པོར་དམིགས་ཏེ། ཚན་རྩལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། སྲིད་ཇུས་མ་ལག་འཛུགས་པ་དང་། དོ་དམ་སྒྱུར་བཅོས། བྱེད་པོ་སྐྱེད་སྲིང་། གྲུབ་འབྲས་གཞན་སྒྱུར། ལྕག་སྐུལ་ལམ་སྲོལ་སོགས་ཀྱི་ཐད་ཚད་བརྒལ་རབ་དང་རིམ་པ་བྱུང་ནས། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
ཚན་རྩལ་གསར་གཏོད་དང་འབྲེལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས“བཟོ་བཅོས་དོར་འགྲེལ་རྣམ་བཞིའི”ལས་ཀར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་དང་། གྲུབ་འབྲས་གཞན་སྒྱུར། ཁེ་ལས་སྐྱེད་སྲིང་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་གནད་སྨིན་ཅན་དང་། ཁྱད་པར་ཅན། འགུལ་རྣམ་ཅན་བཅས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་བཙུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།
“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བས་ཞིང་ཆེན་རིམ་པའི་ཚན་རྩལ་འཆར་འགོད་ཀྱི་དོ་དམ་མ་ལག་ལེགས་སུ་ཕྱིན་ཡོད། “ལེགས་པས་སྣེ་ཁྲིད”དང“འགྲན་རྩོད་ལམ་ལུགས” སོགས་བྱེད་སྟངས་ཁྱབ་གདལ་བཏང་ནས་ཁྲོམ་རའི་ཕྱོགས་སྟོན་གྱི་རྣམ་གྲངས་ལམ་སྲོལ་བཙུགས་ཡོད། ཚན་ཞིབ་གྲོན་དངུལ་གྱི“འགན་གཙང་ལམ་ལུགས” ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་བ་དང་། “ནོར་དོན་ལས་རོགས”ལམ་ལུགས་ཁྱབ་གདལ་བཏང་བ། རྣམ་གྲངས་འདུན་ཞུ་བྱེད་སྟངས་ཐད“བཀག་རྒྱ་གསལ་ཐོ”དང་ཞིབ་བཤེར་དུས་ཚད་ཀྱི“ཁས་ལེན་ལམ་ལུགས”ལག་བསྟར་བྱས་པས། ཚན་ཞིབ་མི་སྣའི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་དང་གསར་གཏོད་ནུས་པ་འདོན་ཐུབ་པ་བྱུང་ཡོད།
གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁེ་ལས་སུ་གཅིག་སྡུད་བྱེད་པར་སྐུལ་འདེད་བཏང་ནས“ཁེ་ལས་ཀྱི་ཚན་རྩལ་ཆེད་མིའི”ཞབས་ཞུའི་ལམ་སྲོལ་བཙུགས་པ་དང“ཚན་རྩལ་ཐོག་མའི་གསར་གཏོད་ཁེ་ལས”ནས“ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས”བར་དང་། དེ་ནས“མཐོ་གསར་ལག་རྩལ་གྱི་ཁེ་ལས”དང“ཚན་རྩལ་གྱི་སྤུས་ལེགས་ཁེ་ལས”བར་གྱི་སྐས་རིམ་ལྟ་བུའི་སྐྱེད་སྲིང་མ་ལག་ཆ་ཚང་ཞིག་བཙུགས་ཡོད། མིག་སྔའི་བར། ཞིང་ཆེན་ཡོངས་སུ་ཚན་རྩལ་གྱི་སྤུས་ལེགས་ཁེ་ལས་21དང་། ཚན་རྩལ་རྣམ་པའི་ཁེ་ལས་848 མཐོ་གསར་ལག་རྩལ་གྱི་ཁེ་ལས་303བཅས་སྐྱེད་སྲིང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།