བོད་རང་སྐྱོང་ལྗོངས་ཀྱིས་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
དཔྱད་ཞིབ་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་དང་དཔྱད་ཞིབ་ལ་བརྟེན་ནས་མི་སྣ་འདེམས་སྤྱོད་བྱེད་པ།
བོད་རང་སྐྱོང་ལྗོངས་ཀྱིས“འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ”མཐའ་འཁྱོངས་ཀྱིས་དཔྱད་ཞིབ་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་དང་དཔྱད་ཞིབ་ལ་བརྟེན་ནས་མི་སྣ་འདེམས་སྤྱོད་བྱས་ཏེ། ཕྱོགས་ཡོངས་ལ་ཁྱབ་པ་དང་། སྟོན་ཕྱོགས་གསལ་བ། ཁྱད་པར་གནད་སྨིན་བཅས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་མ་ལག་ཆ་ཚང་ཞིག་བཙུགས་ཡོད། སྒྱུར་བཅོས་ཀྱི་འགག་རྩ་ནི“ཟླ་སྒྲིལ”དང“ཁུ་བསྡུ”ལ་ཐུག་ཡོད་པ་སྟེ། ས་ཁུལ་དང་གྲོང་ཁྱེར་དང་། ལྗོངས་ཐད་གཏོགས་ཚན་པ། ལྗོངས་ཁོངས་མཐོ་སློབ། ལྗོངས་འདོམས་གཞུང་ཁོངས་ཁེ་ལས། དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཕྱོགས་བསྡུས་དཔྱད་ཞིབ་བྱེད་ཐབས་ཁག་ལྔ་བཟོས་ནས་བཏོན་ཏེ་ཕྱོགས་བསྡུས་དཔྱད་ཞིབ་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་དཔྱད་ཞིབ་དང་། ལས་བྱེད་པར་དཔྱད་ཞིབ། ལས་སྒོར་དཔྱད་ཞིབ་བཅས་ཟླ་སྒྲིལ་བཏང་བ་མ་ཟད། ས་ཁུལ་དང་གྲོང་ཁྱེར་ལ“རང་སྐྱོང་ལྗོངས་ཀྱི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ལས་རྗེས་དཔྱད་ཞིབ་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ”གྱི“1+1”དཔྱད་ཞིབ་མ་ལག་ལག་ལེན་བསྟར་བས། མིར་དཔྱད་ཞིབ་དང་ལས་ཀར་དཔྱད་ཞིབ་བྱེད་པ་གཉིས་གཅིག་གྱུར་བྱུང་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་ས་ཁུལ་དང་གྲོང་ཁྱེར་གྱི་དཔྱད་ཞིབ་དམིགས་ཚད་32.7%ཁུ་བསྡུ་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་ནས་རྫོང་དང་ཆུས་ཀྱི་དཔྱད་ཞིབ་དམིགས་ཚད་78.8%ཆེས་ཆེར་ཁུ་བསྡུ་བྱེད་པར་མཛུབ་ཁྲིད་བྱས་པ་རེད།
དཔྱད་ཞིབ་ཁྲོད་ལས་རྗེས་མཚོན་པ་དང་ལེགས་ཉེས་དབྱེ་འབྱེད་ཐུབ་པར་འགན་ལེན་ཇི་ལྟར་བྱེད་དགོས་ཞེ་ན། བོད་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་འབུར་དུ་ཐོན་པ་དང་གནད་ལ་འཁེལ་པོས་འཆར་གཞི་བཀོད་ཡོད། ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་སྒྱུར་བཅོས་ཐད་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”ལ་དམ་པོར་དམིགས་ནས་ས་ཁུལ་མི་འདྲ་བའི་བྱེད་ནུས་ངེས་གནས་དང་། ཐོན་ཁུངས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་དུས་མཚམས། དེ་བཞིན་ཚན་པ་ཁག་གི་འགན་འཁྲིའི་ཁྱད་ཆོས་བཅས་ལ་བསམ་གཞིག་གང་ལེགས་བྱས་ཏེ་ཁྱད་པར་ཅན་གྱི་ཐོག་ནས་དཔྱད་ཞིབ་དམིགས་ཚད་དང་དབང་ཆ་བཀོད་སྒྲིག་བྱས་ཡོད།
ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གིས་2024ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་དམིགས་ཚད་མ་ལག་གཏན་འཁེལ་མ་བྱས་གོང་། རྫོང་ཐད་གཏོགས་ཚན་པ་དང་ཤང་དང་གྲོང་རྡལ་ལ་ཕྱོགས་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་། ཚན་པ་མི་འདྲ་བའི་གཞི་རྒྱ་དང་ལས་ཀའི་འགན་ནུས་ལ་སྤྱི་འདོམས་བྱས་ནས་ཐུན་མོང་གི་ལས་དོན་དང་རང་སྒྲུབ་ལས་དོན་ཟུང་འབྲེལ་བྱས་ཏེ། དམིགས་སའི་རང་བཞིན་གྱི་སྒོ་ནས་དཔྱད་ཞིབ་ཀྱི་གྲངས་བཅད་བཟོས་ཡོད། ཞིང་འབྲོག་ནགས་ཆུ་དང་། འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་སོགས་ལས་རིགས་མི་འདྲ་བའི་སྡེ་ཚན་ཁག་གིས་ངོ་བོ་དང་། ཁྱད་ཆོས། གཙོ་གནད་ལས་འགན་བཅས་ལ་གཞིགས་ནས་ཁྱད་པར་ཅན་གྱི་དཔྱད་ཞིབ་ལག་ལེན་བསྟར་ཡོད།
དཔྱད་ཞིབ་བྱས་འབྲས་ལུགས་མཐུན་དང་དྲང་གཞག་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་བྱེད་སྟངས་དང་བྱ་ཐབས་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཡོད། རྒྱུན་གཏན་གྱི་ཚད་ལེན་དཔྱད་ཞིབ་ཕུད་ད་དུང་ཆབ་སྲིད་ཀྱི་བྱང་ཚད་དཔྱད་ཞིབ་དང་། རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་གདེང་འཇོག མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བརྟག་དཔྱད། སྐབས་བསྟུན་གྱི་ཁྱིམ་ཚང་བཅར་འདྲི་སོགས་ཀྱི་བྱ་ཐབས་སྤྱད་པ་དང་འབྲེལ། དཔྱད་ཞིབ་དེ་སྐོར་ཞིབ་སྐོར་བཤེར་དང་རྩིས་བཤེར་ལྟ་སྐུལ་སོགས་ཀྱི་ལས་ཀའི་གྲུབ་འབྲས་དང་ཕན་ཚུན་འབྲེལ་མཐུད་བྱས་ཡོད།
“དཔྱད་ཞིབ”ནི་བྱེད་ཐབས་ཡིན་ལ། “བཀོལ་སྤྱོད”ནི་འགག་རྩ་ཡིན། བོད་རང་སྐྱོང་ལྗོངས་ཀྱིས་དཔྱད་ཞིབ་བྱས་འབྲས་དེ་ལས་བྱེད་པ་འདེམས་བསྐོ་བཀོལ་སྤྱོད་དང་། དོ་དམ་ལྟ་སྐུལ། སྐུལ་ལྕག་གཅུན་འདོམས་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“འཇོན་པ་འདེམས་བསྐོ་དང་། ཕུལ་བྱུང་ལ་གཟིགས་བཟོས། འཇོན་ཐང་མེད་མཁན་འབེབས་པ། ཐ་ཞན་ཕྱིར་འབུད”བཅས་ཀྱི་དམ་པ་དོན་གཉེར་གྱི་སྟོན་ཕྱོགས་བཙུགས་ཡོད།
ལོ་ལྟར་བོད་རང་སྐྱོང་ལྗོངས་ཀྱིས་དཔྱད་ཞིབ་ཕུལ་དུ་བྱུང་བའི་ས་ཁུལ་དང་ཚན་པར་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱེད་པ་དང་། དེའི་འགོ་ཁྲིད་ལས་བྱེད་པ་ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་གོ་གནས་སྤོར་གྱི་ཡོད། དཔྱད་ཞིབ་རིམ་པ“སྤྱིར་བཏང”ཡིན་རིགས་ལ་གཅིག་སྡུད་ཐོག་སྐོང་འདྲི་བྱེད་པ་དང་འབྲེལ་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་འཇུག་པ་དང་བཅོས་སྒྲིག་མ་ཚར་གོང་ཚན་ཁག་གི་ཁོངས་མིའི་གོ་གནས་སྤོར་གྱི་མེད། དེ་ལས་གལ་ཆེ་བ་ཞིག་ནི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་དང་ཕུལ་བྱུང་ལས་བྱེད་པའི་བརྟག་ཞིབ་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ་དཔྱད་ཞིབ་བྱེད་རིང་དུས་མཚུངས་སུ་ཕུལ་བྱུང་ལས་བྱེད་པ་འོས་སྦྱོར་བྱེད་པ་དང་། ཕུལ་བྱུང་བར་རྣམ་ཀུན་གྱི་མཚོན་ཚུལ་དཔྱད་གཞི་བཟོས་ནས་ཕུལ་བྱུང་ལས་བྱེད་པའི་མཛོད་སྟབས་བསྟུན་ལེགས་སྒྲིག་བྱས་ཡོད།
“དཔྱད་ཞིབ་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ང་ཚོས་དུས་ཐོག་ཏུ་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ལག་ལེན་གྱི་ཕན་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ས་ཁུལ་དང་གྲོང་ཁྱེར་7དང་རྫོང་དང་ཆུས་74ལ་དཔྱད་ཞིབ་ལས་དོན་ཁྱབ་རྒྱུར་མཛུབ་ཁྲིད་བྱས་པ་དང་། འགན་འཁྲི་དོན་འཁྱོལ་དང་། ལམ་ལུགས་འཛུགས་སྐྱོང་། བྱེད་སྟངས་བྱ་ཐབས། རིམ་པ་དཔྱད་འབེབས། གྲུབ་འབྲས་བཀོལ་སྤྱོད་སོགས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ཡོད”ཅེས་བོད་རང་སྐྱོང་ལྗོངས་དཔྱད་ཞིབ་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད།
འབྲེལ་ཡོད་གསར་འགྱུར།