“ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཕན་པ་ཐོབ་པ”
ཉེ་ཆར། ཀྲུང་གོ་ཚན་རྩལ་པུའུ་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གསར་གཏོད་མཉམ་ལས་དང་འཕེལ་རྒྱས་གླེང་སྟེགས་ཝུའུ་ཧན་དུ་གཉེར་ཞིང་། རྒྱལ་ཁབ་དང་ས་ཁུལ་43ནས་ཡོང་བའི་སྲིད་ཕྱོགས་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་མཁས་ཅན་བཅས་གླེང་སྟེགས་ལ་ཞུགས་ཏེ“གསར་གཏོད་མཉམ་ལས་ཀྱི་གོ་སྐབས་གསར་པ། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་ད་དུང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྣུམ་རྒྱུའི་ལོ་ཏོག་ཞིབ་འཇུག་ཁང་དང་ཀྲུང་གོ་ཚན་རིག་ཁང་ཝུའུ་ཧན་རྩི་ཤིང་ལྡུམ་ར་སོགས་ཚན་རིག་ཞིབ་འཇུག་ཁང་གི་ལས་ཁུངས་ལ་འཚམས་འདྲིར་སྐྱོད་པ་རེད། ཁོང་ཚོས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཚན་རིག་ཞིབ་འཇུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བར་ཕན་ཐོགས་ཡོད་པས། ཕྱོགས་གཉིས་པོས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།
ཀྲུང་གོར་བཅའ་སྡོད་ཨེ་ཙེ་ཨོ་ཕི་ཡའི་གཞུང་ཚབ་པ་ཨན་ཏར་ཀུའུ·པེར་ཧོ་ཡིས། ཉེ་བའི་ལོ་ཤས་རིང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་དེ་བཞིན་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཙེ་ཨོ་ཕི་ཡར་གཞུང་ལམ་དང་། ལྕགས་ལམ། གནམ་ཐང་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་རོགས་བྱས་པ་དང་། ལྷག་པར་དུ་ཨེ་ཏི་སི་ཨ་པ་པ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་གཉེར་སྐྱོང་བྱས་པ་དེས་ཨེ་ཙེ་ཨོ་ཕི་ཡ་དང་མཐའ་འཁོར་རྒྱལ་ཁབ་དབར་ཕན་ཚུན་སྦྲེལ་མཐུད་བྱེད་པའི་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་ཡོད་ཅེས་བརྗོད་པ་རེད།
“ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཕན་པ་བསྐྲུན་ཡོད”ཅེས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་སློབ་གསོ་དང་ཚན་རྩལ་གསར་གཏོད་ཨུ་ཡོན་ཅཱ་སི་ཕར་·པཱ་ཉི་ཡང་ཅིན་བྷོ་ནཱ་ཡིས་བརྗོད།
ཧུའུ་པེ་བཟོ་ལས་སློབ་ཆེན་སོགས་ཚན་པས་གཙོ་གཉེར་བྱས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བཟོ་ལས་གསར་གཏོད་དང་ལག་རྩལ་སྤོ་སྒྱུར་མཉམ་ལས་གླེང་སྟེགས་སྐབས་བཞི་པའི་ཐོག མོ་ཙམ་པི་ཁེ་ཨའེ་ཏེ་ཧྭ་ཏུའོ·མོང་ཏེ་ལན་སློབ་ཆེན་དང་ཧུའུ་པེའི་བཟོ་ལས་སློབ་ཆེན་དབར་གྲོས་མཐུན་བཞག་ནས་མཉམ་དུ་འོད་ཤུགས་ཞིང་ལས་མཉམ་འབྲེལ་ཚོད་ལྟ་ཁང་གསར་པ་འཛུགས་རྒྱུའི་གཏན་འཁེལ་བྱས་པ་རེད། ཨའེ་ཏི་ཧྭ་ཏུའོ·མོང་ཏེ་ལན་སློབ་ཆེན་མཉམ་ལས་ཁྲུའི་ཁྲུའུ་ཀྲང་མན་ནུའུ་ཨེར·ལུའུ་དབྱི་སི·ཞེ་ནེ་ནེ་ཡིས། མཐོ་སློབ་གཉིས་མཉམ་འབྲེལ་བྱས་ཚེ་མོ་ཙམ་པི་ཁེ་ཕྱོགས་ཀྱི་འོད་ཤུགས་ཞིང་ལས་ཁྱབ་ཁོངས་ཀྱི་ལག་རྩལ་ཚད་བརྒལ་དང་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ས་གནས་དེ་གའི་འབྲེལ་ཡོད་ལག་རྩལ་རིམ་སྤོར་དང་ཐོན་ལས་འཁོར་འབྲེལ་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་ཐུབ་ཞེས་བརྗོད་པ་རེད།
ཀྲུང་གོ་དང་ཐན་ཙན་ནི་ཡའི་ནད་ཡམས་སྔོན་འགོག་དང་སྤྱི་པའི་འཕྲོད་བསྟེན་མཉམ་འབྲེལ་ཚོད་ལྟ་ཁང་དང་། ཏིལ་སོན་གསོ་དང་ཐོན་ལས་ཅན་གསར་སྤེལ་མཉམ་ལས་སོགས་མཉམ་ལས་གྲོས་མཐུན་ཁག་39ལ་མིང་རྟགས་བཀོད་པ་དང་། “ཨ་ཧྥེ་རི་ཁའི་རིག་ནུས་འཛུགས་སྐྲུན་ཁྱབ་སྤེལ་ལྟེ་གནས”སོགས་ཞབས་ཞུའི་ལས་སྟེགས་23གཅིག་སྡུད་ཐོག་སྒོ་བྱང་བཀལ་ནས་བཙུགས་པ་སོགས་བྱས་ཡོད། 2025ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གསར་གཏོད་མཉམ་ལས་དང་འཕེལ་རྒྱས་གླེང་སྟེགས་རིང་ཕྱོགས་གཉིས་པོས་ཚན་ཞིབ་མཉམ་ལས་དང་། ཤེས་ལྡན་པ་གསོ་སྐྱོང་། ཐོན་ལས་སྦྲེལ་མཐུད་སོགས་ཐད་མཉམ་ལས་རབ་དང་རིམ་པ་བྱས་ཡོད། ཀྲུང་གོ་ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ཆིའུ་ཡུང་གིས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་ཚན་རྩལ་གསར་གཏོད་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་དང་མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ཕན་པ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།