དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་ནས‘བསམ་ཕོད་པ་དང་སྒྲུབ་ཕོད་པའི’སྙིང་སྟོབས་ངས་ཚོར་བྱུང”

    ཨ་རིའི་ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སིའི་གོ་ལ་ཧྲིལ་པོའི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཨན་ཏུའུ་ཉི་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཀྲི་ཝེ།   |     སྤེལ་དུས།  2025-12-18

    ཨན་ཏུའུ་ཉི།

    “འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ལ་་ལེགས་སྐྱེས་གལ་ཆེན་འབུལ་མཁན་ཞིག་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་གཉིས་ཁེའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ། རྒྱལ་སྒྲོལ་ཁེ་ལས་ཀྲུང་གོར་འཕེལ་རྒྱས་ཡོང་བར་ཡིད་ཆེས་བསྣན་ཡོད” ཉེ་ཆར། ཨ་རིའི་ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སིའི་གོ་ལ་ཧྲིལ་པོའི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་པེ་ཏེ·ཨན་ཏུའུ་ཉི་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་བཏང་སྟེ། ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སི་ཚུད་པའི་རྒྱལ་སྒྲོལ་ཁེ་ལས་ཀྲུང་གོའི་ཁྲོམ་རར་་མུ་མཐུད་གཞིས་ཆགས་ཐུབ་པ་དང་ཀྲུང་གོར་མ་འཇོག་བྱེད་ཚད་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱེད་པ་དེ་འཛམ་གླིང་གི་སྒོ་དབྱེ་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ཞེས་བརྗོད།

    1897ལོར་ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སིས་ཐོན་སྐྱེད་བྱས་པའི་གློག་པར་འཕྲུལ་ཆས་ཀྱིས་ཀྲུང་གོའི་ནད་པར་ཞབས་འདེགས་ཞུ་འགོ་ཚུགས་པ་དང་། 1991ལོར་ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སིས་མ་རྩ་མཉམ་འཇོག་བྱས་ནས་ཀྲུང་གོར་བཟོ་གྲྭ་དང་པོ་དེ་བསྐྲུན་ཡོད། ཉེ་བའི་ལོ་ཤས་རིང་། ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སིས་ཀྲུང་གོར་མ་འཇོག་བྱེད་ཚད་མང་དུ་བཏང་བ་མ་ཟད། ཀྲུང་གོར་ཐོན་སྐྱེད་རྟེན་གཞི་ཆེན་པོ་དྲུག་དང་དོན་གཅོད་ཁྲུའུ་30ལྷག་ཙམ་བཙུགས་པ་དང་། པེ་ཅིང་དང་། ཅང་སུའུ་ཡི་ཝུའུ་ཤིས། ཧྲང་ཧའེ་བཅས་སུ“གསར་གཏོད་ལྟེ་གནས”ཆེན་པོ་གསུམ་བསྐྲུན་ཡོད། ད་ཆ་ཀྲུང་གོར་ཡོད་པའི་ཀུང་སིར་ལས་མི་7000ལྷག་ཙམ་ཡོད་ལ། ས་གནས་དེ་གའི་ཞིབ་འཇུག་གསར་སྤེལ་ཚོགས་པའི་མི་གྲངས་1800བར་མང་དུ་ཕྱིན་པ་དང་གསར་གཏོད་ཐོན་རྫས་150ཁྲོམ་སྟོན་བྱས་ཡོད། ཨན་ཏུའུ་ཉི་ཡིས“ཀྲུང་གོའི་ཁྲོམ་ར་ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སིའི་གོ་ལ་ཧྲིལ་པོའི་གསར་གཏོད་ཁོངས་གཏོགས་ཀྱི་མེད་དུ་མི་རུང་བའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་ཆར་ཀུང་སིས་ཀྲུང་གོར་གསར་གཏོད་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དེ་ལས་ཀྲུང་གོའི་ཁྲོམ་རར་ཡིད་ཆེས་ཆེན་པོ་བྱེད་པ་མཚོན་ཡོད”ཅེས་བརྗོད།

    “ས་འབྲེལ་ཆབ་སྲིད་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པར་བརྟེན་ད་ཆ་རྒྱལ་སྒྲོལ་ཀུང་སིར་འགྲན་སློང་མང་པོ་འཕྲད་ཡོད། ཀྲུང་གོས་གསོན་ཤུགས་ལྡན་ལ་སྒོ་དབྱེ་མཐའ་འཁྱོངས་ཀྱི་གཉེན་ཤུགས་ལྡན་པའི་ཁྲོམ་ར་གཏོད་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད་ལ། སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པས་ཀྱང་ཀྲུང་གོའི་ཀུང་སི་དང་རྒྱལ་སྒྲོལ་ཀུང་སི་ཚང་མར་ཕན་པ་ཐོབ་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཐུབ་ཡོད”ཨན་ཏུའུ་ཉི་ཡིས་སྒྲིག་བཀོད་འཛུགས་སྐྲུན་ནས་ཤེས་ལྡན་པ་གསོ་སྐྱོང་བར་ཀྲུང་གོ་ཕྱོགས་ཀྱིས་ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སིར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དེ་ནི་ཀུང་སིས་ཀྲུང་གོའི་ཁྲོམ་ར་བཀོད་སྒྲིག་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་རེད་ཅེས་བརྗོད།

    “ཀྲུང་གོའི་ཁྲོམ་རར་ཐོག་མར་ཞུགས་པའི་རྒྱལ་སྒྲོལ་ཁེ་ལས་ཀྱི་གྲས་ཤིག་ཡིན་པའི་ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སིས་ཀྲུང་གོའི་ཁྲོམ་རར་བཞག་པའི་ཡུན་རིང་དམ་བཅར་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་གོའི་ཁྲོམ་རར་གྲུབ་འབྲས་ཐོབ་པ་དེ་ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཆེ་བ་ཞིག་ཡིན་པ་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད” དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་ཨན་ཏུའུ་ཉི་ཡིས་རྟག་ཏུ་ཀྲུང་གོར་འཚམས་འདྲི་བྱས་ཤིང་། ཁོང་གིས“ངས་ཀྲུང་གོའི་གྲོང་ཁྱེར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་མིག་མཐོང་ལག་ཟིན་བྱུང་བ་དང་ངས་ཀྲུང་གོ་ནས‘བསམ་ཕོད་པ་དང་སྒྲུབ་ཕོད་པའི’སྙིང་སྟོབས་ཚོར་བྱུང་། ཐུང་ཡུང་གློག་ཤུགས་སྨན་བཅོས་ཀུང་སིས་ཀྲུང་གོའི་རོགས་ཟླ་དང་མཉམ་ལས་བྱ་རྒྱུ་མུ་མཐུད་ཟབ་ཏུ་བཏང་ནས། ཀྲུང་གོའི་ཁྲོམ་རའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་མ་ཟད། མཉམ་ལས་གྲུབ་འབྲས་དེ་བས་མང་བ་གོ་ལ་ཧྲིལ་པོར་ཁྱབ་གདལ་གཏོང་གི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།