ས་མཐོའི་དེང་རབས་ཅན་གྱི་ཐོན་ལས་ལམ་བུ། བོད་ལྗོངས་མི་དམངས་ཀྱི་མཁའ་ལམ་གསར་པ།
གྲི་གུ་རྩྭ་ཐང་དུ་རླུང་འཁོར་ཆེན་པོ་ཞིག་དལ་གྱིས་འཁོར་བ་དང་། གསེར་རྙེད་ཆུས་ཀྱི་ཉི་འོད་འོག་ཏུ་ཡུག་འབྲེལ་འོད་ཤུགས་ཤེལ་ལེབ་ལས་འོད་སྔོན་པོ་འཚེར་བཞིན་ཡོད། འབྲོག་པས་ལག་ཐོགས་ཁ་པར་ཁྱེར་ཏེ་མཛུབ་མོས་ག་ལེར་མནན་ཚེ་རང་ཁྱིམ་གྱི་ནོར་གང་དུ་ཡོད་མེད་མཐོང་ཐུབ། འདི་དག་ཐམས་ཅད་ནི་རྒྱང་རིང་གི་རྨི་ལམ་མིན་པར། ང་ཚོའི་ཉེ་འགྲམ་གྱི་ད་ཆའི་དངོས་ཡོད་གནས་ཚུལ་རེད། གངས་ལྗོངས་ས་མཐོར་འགྱུར་ལྡོག་ཆེན་པོ་རིམ་བཞིན་འགྲོ་བཞིན་མཆིས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར“དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་དགོས”ཞེས་བཏོན་ཡོད། གང་ཞིག་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཡིན་ནམ་ཞེ་ན། དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དེང་རབས་ཀྱི་ཞིང་ལས་དང་། དེང་རབས་ཀྱི་བཟོ་ལས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་བཅས་ལས་གྲུབ་པའི་ཐོན་ལས་མ་ལག་ཅིག་ཡིན་པ་དང་། ཚན་རྩལ་གསར་གཏོད་ལྟེ་བའི་སྒུལ་ཤུགས་སུ་བྱེད་པ་དང་། ཆ་ཚང་རང་བཞིན་དང་། སྔོན་ཐོན་རང་བཞིན། བདེ་འཇགས་རང་བཞིན། མཐུན་སྦྱོར་རང་བཞིན། བསྟུན་མཁས་རང་བཞིན། སྒོ་དབྱེའི་རང་བཞིན་སོགས་ཀྱི་གཞི་རྩའི་ཁྱད་ཆོས་ལྡན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས་དོན་དངོས་ལ་གཞིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད། འདི་གར་ཐོན་ལས་གཉེར་སྐབས་གཞན་གྱི་རྗེས་སུ་འགྲོ་རྐྱང་མི་བྱེད་པར་ངེས་པར་དུ་རང་ཉིད་ལ་དབང་བའི་ས་མཐོའི་ལམ་བུར་སྐྱོད་དགོས།
ལོ་འདི་དག་རིང་ང་ཚོས་མཐོང་བར། ནས་བརྔོས་ནས་རྩམ་པ་འཐག་པ་ཁོ་ན་ཙམ་མིན་པར། གོར་སོབ་དང་ཏན་ཞིམ་བཟོས་ཏེ་བོད་དང་ཐ་ན་འཛམ་གླིང་ལ་འཚོང་བ་དང་། སྣམ་བུ་ཡང་སྲོལ་རྒྱུན་གྱི་རས་ཆ་ནས་རྒྱལ་སྤྱིའི་ཤོམ་སྟེགས་ཐོག་གི་དར་སྲོལ་ཆེ་བའི་གྱོན་གོས་སུ་གྱུར་ཡོད། སྨན་གླིང་གྲོང་ཁྱེར་ཟུར་གསུམ་གྲོང་ཚོར་མི་སེར་ཚོས་ལྟ་ན་སྡུག་པའི་ཁམ་བུའི་མེ་ཏོག་དང་བརྗིད་ཉམས་ཆེ་བའི་གངས་རིའི་མཛེས་ལྗོངས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བར་མི་ལ་ལར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་བྱུང་ཡོད། ནུས་རྒྱུ་གཙང་མ་ནི་དེ་བས་ཀྱང་བོད་ཀྱི་སྤོབས་པ་བྱ་ཡུལ་ཞིག་ཡིན་ཏེ། ཧ་ལམ་གློག་ཚང་མ་དགུང་སྔོན་སྤྲིན་དཀར་འོག་གི་འོད་ཤུགས་དང་ཆུ་ཤུགས་ལས་བྱུང་བ་རེད། འགྱུར་ལྡོག་འདི་དག་ནི་སྟེས་དབང་དུ་བྱུང་བ་མིན་པར། དེ་ཚོ་ཚང་མ་གཞུང་ལམ་སྣུར་སྲིང་དང་། གློག་གང་སར་ཁྲིད་པ། དྲ་བ་སྦྲེལ་མཐུད་ཐུབ་པ་བཅས་ལས་བྱུང་བ་རེད། ད་ཆ་བོད་ཀྱི་ཤང་གྲོང་དང་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད་ལ། ལྕགས་ལམ་ཡང་རྒྱུན་ཆད་མེད་པར་སྣུར་སྲིང་ཐུབ་ཡོད། ལམ་ཤར་གཏོང་ཐུབ་པས་མི་སེམས་བདེ་རུ་ཕྱིན་པ་དང་། གློག་འོད་ཁྲ་ལྷམ་མེར་འཕྲོས་པས་རེ་བ་ཡང་ཡོད་པར་གྱུར།
འཕེལ་རྒྱས་ནི་གྲངས་གཞིའི་ཆེད་དུ་མིན་པར། མི་ལ་ཕན་པ་འདོགས་ཆེད་ཡིན། ཐོན་ལས་འཕེལ་རྒྱས་ཕྱིན་པས་ལས་གནས་མང་དུ་ཕྱིན་པ་དང་། ཡོང་འབབ་མང་དུ་ཕྱིན་པས་མི་སེམས་བརྟན་དུ་ཕྱིན་ཡོད། འདི་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་ཞིང་། མི་ཚང་མར་འཚོ་བ་ཡག་ཏུ་ཕྱིན་པ་ཚོར་ཐུབ་པར་བྱེད་དགོས།
འབྱུང་འགྱུར་གྱི་ལོ་ལྔ་ནི་བོད་ཀྱི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ཡིན་ཞིང་། ང་ཚོས་རྒྱུན་དུ“ཕྱུག་པོ་ཆགས་པར་སྔོན་ལ་ལམ་བཟོ་དགོས”ཞེས་བརྗོད་ཀྱི་ཡོད། ད་ལྟ་ང་ཚོས་བཟོ་བ་ནི་གཞུང་ལམ་ཙམ་མིན་པར། ཆ་འཕྲིན་གྱི་ལམ་དང་། ཐོན་ལས་ཀྱི་ལམ། བདེ་སྐྱིད་ཀྱི་ལམ་བཅས་དེ་བས་ཀྱང་ཡིན། བོད་ལྗོངས་འདི་ཉིད་རང་རྒྱལ་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་དབྱེའི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། “ཀྲུང་གོས་བཟོས་པ”འདི་ནས་འཛམ་གླིང་དུ་བསྐྱོད་ཡོད་ལ། འཛམ་གླིང་གི་གོ་སྐབས་ཀྱང་ས་མཐོར་ཐོབ་ཡོད།
ང་ཚོས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ས་མཐོའི་ཞིང་འབྲོག བོད་ཀྱི་གསོ་བ་རིག་པ་སོགས་ཁྱད་ལྡན་ཐོན་ལས་ཆེན་པོ་དགུ་འཕེལ་རྒྱས་མུ་མཐུད་གཏོང་དགོས། ནས་རྡོག“གསེར་རྡོག”ཏུ་འགྱུར་བ་དང་། ནོར་ལ“གློག་རྡུལ་ཐོབ་ཐང་ལག་ཁྱེར”ཡོད་པ། ཉི་འོད་དང་རླུང་ཤུགས“ལྗང་གློག་དངུལ་ཁང”དུ་འགྱུར་བ་བཅས་བྱེད་དགོས། ང་ཚོས་ཀྱང་བོད་ཀྱི་གཞི་ཚོས་མཛེས་ཤོས་ནི་ལྗང་མདོག་ཡིན་པ་དང་། རི་སྔོ་ཆུ་དྭངས་ནི་བོད་ཀྱི་རྒྱུ་ནོར་ཆེ་ཤོས་དེ་ཡིན་པ་བློ་ལ་ངེས་དགོས།
འགོ་འཛུགས་ས་གསར་པར་བོད་ཀྱིས་གདེང་ཚོད་དང་སྒོ་དབྱེའི་རྣམ་པ་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་མཆིས། ཐོན་ལས་ཀྱི་ལམ་བུ་འདི་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལམ་བུ་ཞིག་ཡིན་ལ། བོད་ཀྱི་བུ་ཕྲུག་ཚང་མས་ཐུན་མོང་འབད་འཐབ་བྱེད་པའི“བདེ་སྐྱིད་ཀྱི་མཁའ་ལམ་གསར་པ”ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།