འགག་རྩར་དམ་འཛིན་བྱས་ནས་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་ལེགས་པར་སྒྲུབ་དགོས།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
དཔལ་འབྱོར་ལས་དོན་ནི་སྣེ་མང་རྙོག་འཛིང་ཅན་ཞིག་ཡིན་པས། འགག་རྩར་དམ་འཛིན་བྱས་ཚེ། ད་གཟོད་རྩ་བ་བཟུང་ན་ཡན་ལག་ངང་གིས་ཐོན་པ་བཞིན། གཙོ་གནད་ཀྱིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱེད་ཐུབ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པར་འགན་ལེན་བྱེད་པར་དམ་དུ་དམིགས་ཏེ། “མཐའ་འཁྱོངས་བརྒྱད”ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ནས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བྱ་སྤྱོད་ཀྱི་ཁྲིད་སྟོན་དང་འབད་འཐབ་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཡོད།
ནང་མཁོས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། གསར་གཏོད་སྐུལ་སྤེལ་མཐའ་འཁྱོངས། སྒྱུར་བཅོས་འགག་སྒྲོལ་བྱ་རྒྱུ་མཐའ་འཁྱོངས། ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས། མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས། “ཐཱན་གཉིས”ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། མཐའ་ཚད་བརྟན་སྲུང་མཐའ་འཁྱོངས་བཅས་ཀྱི“མཐའ་འཁྱོངས་བརྒྱད་པོས”རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེར་གཏོང་བ་དང་། སྒུལ་ནུས་གསར་པ་དམ་འཛིན་གྱིས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་གཞིགས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དེས། གནད་དོན་རྙིང་པ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པར་མཐོང་ཆེན་བྱས་པ་མ་ཟད། འགྲན་སློང་གསར་པར་ཁ་གཏད་གཅོག་པར་ཡང་མཐོང་ཆེན་བྱས་པ་ལས་མངོན་གསལ་དོད་པའི་གནད་དོན་གྱི་ཕྱོགས་སྟོན་དང་དམིགས་ཚད་ཀྱི་ཕྱོགས་སྟོན་མངོན་ཡོད། འདིར“ནང་མཁོས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས”དང“‘ཐཱན་གཉིས’ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས”གཉིས་དཔེར་བཞག་ནས་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། གོ་བ་ལོན་ཤུགས་དང་ཁོང་དུ་ཆུད་ཤུགས་ཆེ་རུ་བཏང་ཡོད།
ཁྲོམ་ར་ནི་དེང་སྐབས་འཛམ་གླིང་གི་ཐོན་ཁུངས་ཁ་ཐང་ཤོས་དེ་རེད། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེར་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་ཀྱི་བརྟེན་ས་རེད། ཚོགས་འདུའི་ཐོག རང་རེའི་ཏང་གིས་དུས་བབ་གསར་པའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར“ངེས་པར་དུ་ལྔ”ཡི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་ཕྱོགས་སྡོམ་བྱས་ཡོད།
དེའི་ནང་ཨང་དང་པོར་བཞག་པ་ནི“ངེས་པར་དུ་དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས”ཞེས་པ་དེ་རེད།
ཚོགས་འདུའི་ཐོག རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ། རྒྱལ་ནང་དུ་སྤྲོད་མང་མཁོ་ཆུང་གི་འགལ་ཟླ་མངོན་གསལ་དོད་པོ་ཡོད་ཅེས་བཏོན་ཡོད། དེ་ནི་གནད་དོན་ལ་ངོས་འཛིན་ཁ་གསལ་ཐུབ་པ་དང་ཁོང་དུ་གནད་འཁེལ་ཆུད་པ་ཞིག་རེད། ཚོགས་འདུའི་ཐོག “ནང་མཁོས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེར་གཏོང་དགོས”པ་དེ་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་ཁག་8ནང་གི་ཨང་དང་པོར་བཞག་ཡོད། དེ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་རང་རྟོགས་ངང་བེད་སྤྱོད་དང་། གནད་དོན་དངོས་ཐག་གཅོད་བྱེད་པ། ཕྱི་ཕྱོགས་ཀྱི་ངེས་གཏན་མེད་པའི་གནས་ཚུལ་ལ་ཁ་གཏད་གཅོག་པ་བཅས་ཀྱི་ལྡོག་མེད་གདམ་ག་ཞིག་རེད།
ཉེ་བའི་ལོ་ཤས་རིང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་རྩ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། མངོན་མེད་སྟོབས་ཤུགས་ལྡན་པའི་འཛད་སྤྱོད་ལ་སྐུལ་སྤེལ་དང་ཕན་འབྲས་ལྡན་པའི་མ་དངུལ་འཇོག་རྒྱ་ཆེ་རུ་བཏང་བས། རང་རྒྱལ་གྱི་ནང་མཁོའི་གཞི་རྒྱ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་། སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་45.6ལས་བརྒལ་བ་དེ་དུས་མཚུངས་ལས་4.0%འཕར་བ་དང་། ཞབས་ཞུའི་སིལ་ཚོང་དངུལ་འབོར་གྱི་འཕར་ཚད་དེ་ཚོང་ཟོག་སིལ་ཚོང་དངུལ་འབོར་ལས་མགྱོགས་པ་བྱུང་བ། གྲངས་འཛིན་འཛད་སྤྱོད་དང་། ལྗང་མདོག་འཛད་སྤྱོད། ལུགས་མཐུན་འཛད་སྤྱོད་བཅས་འཛད་སྤྱོད་བྱེད་སྟངས་གསར་པར་རིམ་བཞིན་གྱུར་ཏེ། འཛད་སྤྱོད་ལ་ཁྲིད་སྟོན་དང་འདེགས་སྐྱོར་བྱེད་པའི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
ཁྲོམ་རའི་ཐོན་ཁུངས་ནི་རང་རྒྱལ་ལ་ལྡན་པའི་ལེགས་ཆ་ཧ་ཅང་ཆེན་པོ་ཞིག་རེད། གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེན་པོ་ཨང་གཉིས་པ་ཡིན་པའི་རང་རྒྱལ་ལ་གོ་ལ་ཧྲིལ་པོའི་ཡོང་འབབ་འབྲིང་གྲས་ཚོགས་སྤྱི་ཆེ་ཤོས་དེ་ཡོད་པ་མ་ཟད། ད་དུང་མ་འཇོག་དང་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེན་པོའང་ཡོད། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྐུལ་ཁྲིད་འོག འབྲེལ་ཡོད་ཚོང་ཟོག་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.5ལས་བརྒལ་བ་དང་མི་ཐེངས་དུང་ཕྱུར་3.6ལྷག་ཙམ་ལ་ཕན་པ་ཐོབ་ཅིང་། དེའི་ནང་རླངས་འཁོར་རྙིང་པ་གསར་པར་བརྗེ་ཚད་ཁྲི་1120ལྷག་ཙམ་ཟིན་པ་དང་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་ཚད་ཁྲི་12844ལྷག་ཙམ་ཟིན་པ་བཅས་ལས། མི་དུང་ཕྱུར་14ལྷག་ཙམ་ལས་གྲུབ་པའི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ནང་མཁོའི་མངོན་མེད་སྟོབས་ཤུགས་ནི་སུས་ཀྱང་ཚོད་དཔག་བྱེད་ཐབས་བྲལ་བ་ར་འཕྲོད་བྱུང་ཡོད།
ནང་མཁོ་རྒྱ་སྐྱེད་གཏོང་བ་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་བའི་འགག་རྩའི་ཤུགས་རྒྱག་ས་རེད། དེས་ན། འཛད་སྤྱོད་ལ་སྐུལ་སྤེལ་དང་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བར་སྤྱི་འདོམས་བྱས་ནས། རང་རྒྱལ་གྱི་གཞི་རྒྱ་ཤིན་ཏུ་ཆེ་བའི་ཁྲོམ་རའི་ལེགས་ཆ་ཡག་པོ་སྤྱོད་དགོས། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ཚོང་ཟོག་སྤུས་ལེགས་དང་ཞབས་ཞུ་མཁོ་འདོན་བྱེད་རྒྱ་ཆེ་རུ་གཏོང་བ། དམངས་འཚོར་ཕན་པ་འདོགས་པ་དང་གཏིང་ཤུགས་ཆེ་རུ་གཏོང་བར་དམིགས་ནས་མ་འཇོག་ཆག་པ་བསྐྱར་དུ་འཕར་བར་སྐུལ་འདེད་གཏོང་བ། གྲོང་ཁྱེར་གསར་བརྗེས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། ནང་མཁོའི་མངོན་མེད་སྟོབས་ཤུགས་དེ་བས་འཕེལ་བ་དང་། དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་ཡིད་རྟོན་རང་བཞིན་ཆེ་རུ་འགྲོ་བ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་སྐུལ་ཁྲིད་དེ་བས་ཡག་པོ་ཐུབ་པ་བཅས་བྱུང་སྟེ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ཆེ་བ་ཐོན་ཐུབ།
ལྗང་མདོག་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མངོན་གསལ་དོད་པའི་གཞི་མདོག་ཅིག་རེད། ཚོགས་འདུར“‘ཐཱན་གཉིས’ཀྱིས་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་ལས། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་པའི་ཆོད་སེམས་དང་དངོས་སྒྲུབ་བྱ་སྤྱོད་མཚོན་གྱི་ཡོད།
ཉེ་བའི་ལོ་ཤས་རིང“ཐཱན་གཉིས”དམིགས་ཚད་ཀྱི་སྣེ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་གྱི་ལས་དོན་སྤེལ་མགྱོགས་སུ་ཕྱིན་ཞིང་། རླུང་གློག་དང་ཉི་འོད་ནུས་པའི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བསྡོམས་འབོར་ཐད་2030ལོའི་རྒྱལ་ཁབ་ཀྱི་རང་ཚུགས་ལེགས་སྐྱེས་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་བ་དང་། ཐོན་ལས་ཀྱི་ཐཱན་ཉུང་འཕེལ་རིམ་མགྱོགས་སུ་ཕྱིན་ཞིང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱི་ལྗང་མདོག་བཟོ་གྲྭ་6430དང་ལྗང་མདོག་བཟོ་ལས་གླིང་491སྐྱེད་སྲིང་བྱས་པར་རྒྱལ་ཁབ་ཀྱི་ལྗང་མདོག་བཟོ་གྲྭའི་ཐོན་རྫས་རིན་ཐང་གིས་བཟུང་བའི་བསྡུར་ཚད་20%ལྷག་ཙམ་ཟིན་པ། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཐཱན་ཁྲོམ་ར་བསྐྲུན་ཞིང་། རིམ་རྩིས་བརྒྱབ་ན་ཚོང་འགྲིག་ཚད་ཏུན་དུང་ཕྱུར་8ལྷག་ཙམ་ཟིན་པ་དང་ཚོང་འགྲིག་འབོར་སྒོར་དུང་ཕྱུར་540ལྷག་ཙམ་ཟིན་པ་སོགས་ལྗང་མདོག་འཁོར་རྒྱུག་ཐཱན་ཉུང་འཕེལ་རྒྱས་ཡག་པོ་བྱུང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་ཡོད། རྒྱལ་སྤྱིའི་མི་སྣས“ཀྲུང་གོའི་ལྗང་མདོག་གསར་གཏོད་ཀྱིས་རང་རྒྱལ་ཁབ་ལ་བདེ་སྐྱིད་བསྐྲུན་པ་མ་ཟད་འཛམ་གླིང་ལའང་ཕན་ཐོགས་ཡོད”ཅེས་གདེང་འཇོག་བྱེད་ཀྱི་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐཱན་གཉིས”དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་རྒྱལ་བབ་ལ་གཞི་ཚུགས་ནས་བརྟན་ཐོག་ཡར་འཕེལ་དང་རིམ་བཞིན་མངོན་འགྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། སང་ལོ་ནི་ནུས་གྲོན་ཕྱོགས་གཉིས་ནས་ཚོད་འཛིན་བྱེད་པ་ནས་ཐཱན་འབུད་གཏོང་ཕྱོགས་གཉིས་ནས་ཚོད་འཛིན་བྱེད་པའི་ཕྱོགས་སུ་ཕྱོགས་ཡོངས་ནས་སྒྱུར་བའི་ལོ་ཞིག་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ན། ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་། སྦགས་བཙོག་བཅོས་སྒྲིག སྐྱེ་ཁམས་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ལ་སྤྱི་འདོམས་བྱེད་པ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། གསར་འཕར་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལས་དོན་ལ་སྒྱུར་བཀོད་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཐཱན་ཕྱིར་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྦགས་བཙོག་དངོས་པོ་གསར་པ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། 2030ལོའི་གོང་དུ་ཐཱན་ཚད་མཐོ་ཤོས་སུ་སླེབས་ཐུབ་པའི་བརྩོན་ལེན་བྱས་ནས་རྨང་གཞི་བརྟན་པོ་འདིང་དགོས།
ཐོན་སྐྱེད་ནུས་ཤུགས་གསར་མ་ནི་མ་གཞི་ནས་ལྗང་མདོག་ཐོན་སྐྱེད་ནུས་ཤུགས་ཤིག་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སུ་མགྱོགས་མྱུར་བསྒྱུར་བ་དང་ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པར་བྱེད་དགོས། སྐུལ་སྤེལ་བྱ་རྒྱུ་ནི་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་། རྒྱ་སྐྱེད་གཏོང་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བར་སྟོངས་གསར་པ། ཆེ་རུ་གཏོང་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་བདེ་རྩ་བཅས་རེད།
མིག་སྔར། རང་རྒྱལ་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་གོ་སྐབས་འཕྲད་ལ་ཉེན་ཁ་དང་འགྲན་སློང་ཡང་འཕྲད་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་འདོད་འདུན་དང་བཀོད་སྒྲིག་ཁོང་དུ་ཡག་པོ་ཆུད་པ་དང་། གོ་བ་གསལ་པོ་ལོན་པ། དོན་འཁྱོལ་ཡག་པོ་ཐུབ་པ་བཅས་བྱེད་པ། དགེ་མཚན་དེ་བས་ཆེན་པོ་དང་ཧུར་ཐག་ངང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བཅས་བྱས་ཚེ། ང་ཚོས་རང་འགུལ་དབང་ཆར་སྟངས་འཛིན་ཡག་པོ་ཐུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཐུབ་ངེས་རེད། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།