དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས།

    མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་བཏང་ནས་ལོ་ཆུང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-17

    ཉེ་ཆར། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ལྷ་ས་དགེ་འོས་སློབ་གླིང་དུ“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ“དེང་རབས་ཀྱི་འཚོ་བ་དང་མཉམ་འདྲེས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་རྒྱས་བཞིན་ཡོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་དགེ་སློབ་ཚོར་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་ཡིག་གཟུགས་དང་། ལྷ་མོ། ཤིང་པར་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དྲིལ་བསྒྲགས་འགྲེམས་པང་ལ་དགེ་སློབ་མང་པོས་ལྟ་འདོད་ཆེན་པོ་བྱེད་ཀྱི་ཡོད། གསོན་ཉམས་དོད་པའི་པར་རིས་སྡེབ་སྒྲིག་དང་ཞིབ་ཅིང་ཕྲ་བའི་ཡིག་རིགས་ཀྱི་ངོ་སྤྲོད་ལས་དགེ་སློབ་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་ཟབ་མོ་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ཡོད། ལྷ་མོ《རྔོན་པའི་འདོན》དང་། སྒོར་གཞས། གཞས་ཆེན་སོགས་གདོད་མའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལེ་ཚན་རིམ་བཞིན་འཁྲབ་སྟོན་བྱས་པས་བརྗིད་ཉམས་ཆེ་ལ་ཚིག་སྦྱོར་བདེ་བ་དང་བརྗིད་ཆགས་ཡིད་དུ་འོང་བ་དང་བསྟན་བཤིག་ཚ་བའི་འཁྲབ་སྟོན་ལ་དེ་གར་ཡོད་པའི་དགེ་སློབ་ཚོའི་མིག་དབང་རབ་ཏུ་འཕྲོག

    རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སྲིད་ཆོས་ཀྱིས“2018ལོ་ནས་བཟུང་། ང་ཚོས་སྙེ་མོ་ཕུ་གསུམ་གྱི་བརྐོས་རིས་སྒྱུ་རྩལ་སློབ་གྲྭར་ཁྱབ་གདལ་བཏང་བ་ཡིན། གང་དུ་སླེབས་རུང་དེ་གར་དགེ་སློབ་ཚང་མས་ཧ་ཅང་དགའ་པོ་བྱེད་ལ་སླད་ཕྱིན་བྱེད་སྒོ་དེ་འདྲ་མང་ཙམ་སྤེལ་རྒྱུའི་རེ་བ་བྱེད་ཀྱི་འདུག”ཅེས་བཤད། ལྷ་ས་དགེ་འོས་སློབ་གླིང་གི་དགེ་རྒན་བསྟན་འཛིན་གྱིས“བོད་ཀྱི་སྲོལ་རྒྱུན་གྱི་རྡེལ་རྩིས་ལག་རྩལ་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། 2017ལོར། ལྷ་ས་དགེ་འོས་སློབ་གླིང་དུ‘རྡེལ་རྩིས’ཁྲིད་སྦྱོང་རྟེན་གཞི་བཙུགས་པ་དང་ལོ་དེར‘རྡེལ་རྩིས’ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་ལྔ་པའི་མིང་གཞུང་དུ་ཚུད་པ་དང་། 2018ལོར། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་དུ་ཚུད་པ་དང་དེ་རྗེས་ལྷ་ས་དགེ་འོས་སློབ་གླིང་གི་སྤྱི་པའི་འདེམས་སྦྱོང་སློབ་ཚན་ནང་དངོས་སུ་བཅུག་པ། 2022ལོར། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སློབ་གྲྭའི་དཔེ་སྟོན་རྟེན་གཞིར་གྱུར་ནས་མིག་སྔའི་བར་སློབ་མ་ཁག་ཐེངས་7སློབ་མཇུག་འགྲིལ་ཡོད”ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།