དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མཚོ་སྨད་རྫོང་གིས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-17

    འདི་ནི་གྲི་གུ་གྲོང་རྡལ་གྲི་གུ་སྡེ་ཁུལ་གྱི་ཡུལ་མི་པད་མ་དོན་གྲུབ་དང་བཟའ་ཟླས་ཚ་སོབ་སོབ་ཀྱི་ཉལ་ཁང་དུ་བུ་དང་རྩེད་མོ་རྩེ་བཞིན་པ།

    འདི་ནི་མཚོ་སྨད་རྫོང་དམངས་སྲིད་སྡེ་ཚན་གྱི་ལས་དོན་པས་ཁ་ཐོར་གྱི་རྒན་གསོའི་མི་སྣར་འཚམས་འདྲི་བྱེད་བཞིན་པ།

    སྔ་དྲོའི་ཆུ་ཚོད་བཅུ་པར། མཚོ་སྨད་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་གསོ་སྐྱོང་ཞབས་ཞུའི་ལྟེ་གནས་ཀྱི་བྱེད་སྒོ་ཁང་དུ་ལོ་65ལ་སླེབས་པའི་བགྲེས་སོང་དབང་ཆེན་སྒྲོམ་སྟེགས་སྤོ་ལོ་རྒྱག་བཞིན་ཡོད་པ་དང་ཉེ་འགྲམ་དུ་ཡོད་པའི་བགྲེས་སོང་ཚེ་བརྟན་གྱིས“ང་འདི་གར་ལོ་བཅུ་བསྡད་པ་ཡིན། ཟས་གོས་སྡོད་གསུམ་དང་སྨན་བཅོས་ཚང་མར་ལྟ་སྐྱོང་བྱེད་མཁན་ཡོད་པས་ཁྱིམ་དུ་བསྡད་པ་ལས་སྐྱིད་པ་འདུག”ཅེས་རྒན་རྒོན་ཚོས་སེམས་ནང་གི་སྐད་ཆ་བཤད།

    རྒན་རྒོན་ཚོ་ཧ་ཅང་དགའ་པོ་བྱེད་པའི“བདེ་སྐྱིད་ཀྱི་ཁྱིམ་གཞིས”དེ་ལོ་བཅུའི་གོང་སྒྲིག་བཀོད་རྙིང་པར་གྱུར་བ་དང་བེད་སྤྱོད་མེད་པའི་དཀའ་ངལ་འཕྲད་མྱོང་བ་སུ་ཞིག་གིས་ཤེས་ཐུབ། 2024ལོའི་ཟླ་12པར། མ་དངུལ་སྒོར་ཁྲི་1000བཏང་སྟེ་སྒྱུར་བཀོད་ལས་གྲྭ་ཡོངས་སུ་ལེགས་གྲུབ་བྱུང་བ་དང་བསྟུན་ནས། 2008ལོར་བསྐྲུན་པའི་གསོ་སྐྱོང་ལྟེ་གནས་དེ་རྣམ་པ་གསར་རྐྱང་དུ་གྱུར་ཡོད། དེ་ནི་མཚོ་སྨད་རྫོང་གི་ཉེ་བའི་ལོ་ཤས་རིང་གི་དམངས་འཚོའི་ལས་གྲྭ་འཛུགས་སྐྲུན་གྱི་བསྡུས་རིས་ཙམ་ཞིག་རེད།

    “འགན་ལེན་ཡོད་པ”ནས“སྤུས་ཚད་ལྡན་པའི”བར།

    གསོ་སྐྱོང་ལྟེ་གནས་རྙིང་པར་གྱུར་བར་དམིགས་ནས་མཚོ་སྨད་རྫོང་གིས་རྙིང་པ་སྒྱུར་བཀོད་བྱེད་པ་དེ་དམངས་འཚོའི་གཙོ་གནད་ལས་གྲྭར་བཅུག་སྟེ་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པ་དང་འབྲེལ་མཐུད་ཧུར་ཐག་གིས་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་རེད།

    ད་ལྟ་གསོ་སྐྱོང་ལྟེ་གནས་སུ་སྐྱོད་སྐབས་འདྲེད་འགོག་ས་གདན་བར་ཁྱམས་གང་སར་བཏིང་ཡོད་པ་དང་འགོག་རྐྱེན་མེད་པའི་ལག་སྐྱོར་གང་སར་མཐོང་རྒྱུ་ཡོད། ཉིན་མཚན་མེད་པར་ཆུ་ཚ་པོ་མཁོ་འདོན་ཐུབ་པའི་སྒྲིག་ཆས་དང་། རིམ་སྤོར་བྱས་རྗེས་ཀྱི་ལྟ་སྐྱོང་ཁང་། ཆེད་ལས་གོས་འཁྲུད་ཁང་བཅས་ཡོད་དགོས་རིགས་ཚང་མ་ཡོད་པ་མ་ཟད། ཉི་འོད་དྲོད་ཁང་དང་བདེ་ཐང་སྦྱོང་བརྡར་ཁང་གསར་དུ་བསྣན་པས་རྒན་རྒོན་ཚོའི་འཚོ་བ་བདེ་འཇགས་དང་ཕུན་སུམ་ཚོགས་པར་གྱུར་ཡོད། རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་པད་མ་ཚེ་རིང་གིས“མཁྲེགས་ཆས་རིམ་སྤོར་བྱས་རྗེས། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་དགོས་མཁོ་སྣ་ཚོགས་སྔར་ལས་ལེགས་པར་སྐོང་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    2024ལོར་མཚོ་སྨད་རྫོང་གིས་ཁ་ཐོར་དུ་གསོ་སྐྱོང་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་25ལ་རོགས་སྐྱོབ་དང་བསྙེན་བཀུར་མ་དངུལ་སྒོར་ཁྲི་16.29སྤྲད་པ་དང་། གཅིག་སྡུད་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་75ལ་རོགས་སྐྱོབ་མ་དངུལ་སྤྲད་པ། ལྟ་སྐྱོང་དང་བདག་སྐྱོང་གི་ཁ་གསབ་སྒོར་ཁྲི་6.59ཁ་ཐོར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མིར་གྲངས་ཚང་ངང་སྤྲད་པ་རེད།

    “མང་ཚོགས་ཀྱིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་མང་ཚོགས་འཚོལ་བའི”བར།

    དམངས་འཚོར་དོ་ཁུར་བྱེད་པ་དེ་རྒན་གསོ་ནས་རྫོང་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཚང་མར་ཁྱབ་པར་བྱས་ཡོད། མཚོ་སྨད་རྫོང་གིས“སྲིད་ཇུས་ཀྱིས་མི་འཚོལ་བའི”ལམ་སྲོལ་གསར་གཏོད་བྱས་པ་དང་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་དུས་བཀག་ལྟར“སྒོ་རྡུང་བྱ་སྤྱོད”སྤེལ་གྱི་ཡོད། དུད་ཚང་དུ་བཅར་འདྲི་དང་ཆ་འཕྲིན་ཞིབ་བཤེར་བྱས་ནས་རོགས་རམ་བྱེད་དགོས་པའི་མང་ཚོགས་རང་འགུལ་ངང་ཤེས་རྟོགས་བྱས་པ་རེད།

    མཚམས་གཅོད་སྒྲོལ་མའི་ཁྱིམ་ནི་དེའི་ནང་གི་ཕན་པ་ཐོབ་མཁན་ཤིག་རེད། ཁོང་གི་བཟའ་ཟླར་ནད་གཞི་ཚབས་ཆེན་ཕོག་པའི་རྐྱེན་གྱིས་ངལ་རྩོལ་ནུས་པ་ཤོར་བས་དམངས་སྲིད་སྡེ་ཚན་གྱིས་འཕྲལ་མར་སྐབས་འཕྲལ་རོགས་སྐྱོབ་དངུལ་སྤྲད་པ་མ་ཟད། ད་དུང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལ་བཅུག་ནས་ཁྱིམ་ཚང་གི་ཁ་ཚ་དགོས་གཏུག་གི་དཀའ་ངལ་བསལ་བ་རེད།

    2024ལོར་མཚོ་སྨད་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་14ལ་འགན་སྲུང་དངུལ་སྒོར་ཁྲི་11.04སྤྲད་པ་དང་། གྲོང་གསེབ་ཀྱི་འཚོ་བའི་འགན་སྲུང་ཁྱིམ་ཚང་161ལ་རོགས་སྐྱོབ་དངུལ་སྤྲད་པ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར་144དང་། དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་ལ་མི་རེར་ཟླ་རེར་ཁ་གསབ་སྒོར་288སྤྲད་པ། ལོ་ཧྲིལ་པོར་དབང་པོ་སྐྱོན་ཅན་སྣ་ཚོགས་ལ་ཁ་གསབ་སྒོར་ཁྲི་147.06སྤྲད་པ། གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་3ལ་མི་རེར་ཟླ་རེར་སྒོར་792ཡི་ཚད་གཞི་ལྟར་རོགས་སྐྱོབ་མ་དངུལ་སྒོར་ཁྲི་2.4སྤྲད་ཡོད།

    “གཞི་རྩའི་འགན་སྲུང”ནས“སྤུས་ལེགས་མཁོ་སྤྲོད”བར།

    སྨན་བཅོས་ཞབས་ཞུ་མུ་མཐུད་རིམ་སྤོར་བྱས་ཤིང་། མཚོ་སྨད་རྫོང་གིས་ཁྱིམ་ཚང་སྨན་པའི་གན་འཇོག་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་གན་འཇོག་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་དང་། ཁྱིམ་ཚང་སྨན་པས་དུས་བཀག་ལྟར་ནུས་ཤོར་དང་ཕྱེད་ནུས་ཤོར་གྱི་རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་སྒོ་རྩར་ཞབས་ཞུ་སྒྲུབ་ཀྱི་ཡོད། 2024ལོར་མི་ཐེངས་11282ལ་དམངས་ཡོངས་ཀྱི་བདེ་ཐང་བརྟག་དཔྱད་བྱས་པ་དང་བརྟག་དཔྱད་བྱེད་ཚད་92.9%ཟིན་པ་དང་ཆབས་ཅིག་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་ནད་སོགས་ས་མཐོའི་རྒྱུན་མཐོང་ནད་རིགས་གྲལ་བཤེར་དང་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་བ། སྐྱ་འགྲིབ་གཤགས་བཅོས་ཁག་10བྱས་པ། སྐོར་སྐྱོད་སྨན་བཅོས་རུ་ཁག་གིས་སྒོར་ཁྲི་10ལྷག་ཙམ་རི་བའི་སྨན་རྫས་ཁྱེར་ནས་འབྲོག་ཁུལ་དུ་བསྐྱོད་དེ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ཀྱི“མཐའ་མའི་འགག་གནད”ཤར་གཏོང་བྱས་པ་རེད།

    སློབ་གསོའི་འགན་སྲུང་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཞིང་། རྫོང་ཡོངས་སུ་ལོ་15ཡི་གཞུང་གྲོན་སློབ་གསོ་དོན་འཁྱོལ་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སློབ་གྲྭར་ཞུགས་ཚད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་ལོ་གསུམ་གྱི་སློབ་ཞུགས་ཚང་མ་100%ཟིན་ཡོད། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོར”སློབ་མ་བུ་མོའི་ལང་ཚོ་དར་དུས་ཀྱི་འཆད་ཁྲིད་དང“སློབ་གསོ་སྒོ་རྩར་སྤེལ་བའི”ཁྲིམས་སྐྱོང་ཤེས་བྱའི་འཆད་ཁྲིད་སོགས་ཀྱི་བྱེད་སྒོ་རྒྱུན་གཏན་ངང་སྤེལ་ནས་སློབ་མའི་སེམས་ཁམས་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།