ཀྲུང་གོའི་རྨང་གཞིའི་སློབ་གསོའི་རྒྱལ་སྤྱིའི་གླེང་སྟེགས་ཧྲང་ཧའེ་རུ་འཚོགས་པ།
ཟླ་12ཚེས་13དང་ཚེས་14ཉིན་ཀྲུང་གོའི་རྨང་གཞིའི་སློབ་གསོའི་རྒྱལ་སྤྱིའི་གླེང་སྟེགས་ཧྲང་ཧའེ་རུ་འཚོགས་ཤིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་13ནས་ཡོང་བའི་སློབ་གསོ་དང་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་སྣེ་ཁྲིད་ཤེས་ལྡན་པ་དང་གྲགས་ཅན་རིགས་གཅིག་མཁས་ཅན་70ཙམ་གྱིས“མི་ཐབས་རིག་ནུས་འཕེལ་རྒྱས་དང་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཀྱི་གོ་སྐབས་དང་འགྲན་སློང”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། སློབ་གསོའི་གསར་གཏོད་ཐབས་ལམ་ལ་མཉམ་དུ་གྲོས་བསྡུར་བྱས་ནས་སློབ་གསོ་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་ཕྱིར་གོ་ལ་ཧྲིལ་པོའི་བློ་གྲོས་གཅིག་ཏུ་འདུས་ཡོད།
གླེང་སྟེགས་ཀྱིས《མི་ཐབས་རིག་ནུས་བེད་སྤྱོད་ཡག་པོ་བཏང་ནས་སློབ་གསོ་གསར་བཅོས་ལ་རོགས་རམ་བྱ་རྒྱུའི་གྲོས་འགོའི་ཡི་གེ》ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་བྱ་སྤྱོད་ཀྱི་ཁ་ཕྱོགས་ཆེན་པོ་དྲུག་བཏོན་ཡོད་པ་སྟེ། གཅིག་ནས་རང་འགུལ་ངང་འགྱུར་ལྡོག་བཏང་སྟེ་ལག་རྩལ་གྱི་མཐུན་རྐྱེན་སྦྱོར་རྒྱུ་གཏིང་ཟབ་ཏུ་གཏོང་དགོས་པ་དང་། གཉིས་ནས་ཀུན་ཕན་མཉམ་སྤྱོད་བྱས་ཏེ་སློབ་གསོ་དྲང་གཞག་སྲུང་སྐྱོང་བྱེད་དགོས་པ། གསུམ་ནས་རིག་ནུས་མཐུན་རྐྱེན་སྦྱར་ཏེ་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་དགོས་པ། བཞི་ནས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་མི་སྣ་གསོ་སྐྱོང་གི་འགན་འཁྲི་ལག་བསྟར་བྱེད་དགོས་པ། ལྔ་ནས་མཐའ་ཚད་བརྟན་པོ་བསྲུངས་ཏེ་མི་ཆོས་བཀོལ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ། དྲུག་ནས་སྒོ་དབྱེ་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པ་བཅས་རེད།
ཚོགས་འདུའི་རིང་། དུས་མཉམ་གླེང་སྟེགས་ཁག་5འཚོགས་ཤིང་། མི་ཐབས་རིག་ནུས་ལག་རྩལ་གྱིས་སློབ་གསོ་དྲང་གཞག་ལ་རམ་འདེགས་བྱ་རྒྱུ་དང་། སློབ་པ་དང་སྦྱོང་བའི་འཕོ་འགྱུར་ལ་རོགས་རམ་བྱ་རྒྱུ། སློབ་གྲྭའི་དོ་དམ་ལ་རམ་འདེགས་བྱ་རྒྱུ། སློབ་གསོའི་གདེང་འཇོག་ལ་རོགས་རམ་བྱ་རྒྱུ། དགེ་རྒན་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་སྦྱོར་རྒྱུ་སོགས་ཀྱི་གྲོས་དོན་ལ་དམིགས་ནས། མི་ཐབས་རིག་ནུས་ལ་མཐུན་རྐྱེན་སྦྱོར་བའི་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་ཀྱི་ལག་ལེན་གྱི་ཐབས་ལམ་དང་གསར་གཏོད་གྲུབ་འབྲས་ལ་དཔྱད་བསྡུར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།