ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་རིམ་མཐོའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཡན་ལག་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་རི་ཡ་ཏེ་རུ་འཚོགས་པ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་གྲོང་ཁྱེར་རི་ཡ་ཏེ་རུ་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སར་དང་ལྷན་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་རིམ་མཐོའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཡན་ལག་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་བ་རེད།
ཝང་དབྱི་ཡིས་གསུངས་དོན། ཀྲུང་གོ་དང་སོ་ཏི་ཨ་རབ་མི་དམངས་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ལ་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་ནང་སྐྱེས་ཀྱི་སྒུལ་ཤུགས་ཀྱང་ཆེན་པོ་ལྡན་ཡོད།
སོ་ཏི་ཨ་རབ་ནི་ཨ་རབ་དང་དབྱི་སི་ལན་འཛམ་གླིང་གི་ཁོངས་མི་གལ་ཆེན་ཞིག་རེད་ལ། སྣེ་མང་ཅན་གྱི་འཕེལ་རིམ་ཁྲོད་རང་ཚུགས་ཀྱི་སྟོབས་ཤུགས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་། རྒྱལ་པོ་སའེ་ལེ་མན། རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མོ་ཧན་མོ་ཏེ་བཅས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་སྐྱོན་བྲལ་དང་བདེ་བླག་བྱུང་ལ། ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བ་ཉིན་རེ་བཞིན་ཕྱོགས་གཉིས་པོའི་ཁྱབ་ཁོངས་ལས་བརྒལ་ནས་འཐབ་ཇུས་ཀྱི་དོན་སྙིང་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སོ་ཏི་ཨ་རབ་དེ་ཉིད་དབུས་ཤར་ཕྱི་འབྲེལ་གྱི་སྔོན་འཇོག་ཁ་ཕྱོགས་དང་གོ་ལ་ཧྲིལ་པོའི་ཕྱི་འབྲེལ་བཀོད་པའི་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱས་ཏེ། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྤྱི་འདོམས་མཐུན་སྦྱོར་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས། ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་ཡིད་ཆེས་དང་མཐུན་སྒྲིལ་མཉམ་ལས་ཀྱི་ཚད་ཤིང་གསར་པར་བཏོད་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་རྒྱུན་ཆད་མེད་པར་དེ་བས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།
ཝང་དབྱི་ཡིས་གསུངས་དོན། སང་ལོར་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བར་བསུ་བ་ཞུ་རྒྱུ་རེད། སྔ་འཛིན་རྒྱུན་མཐུད་ཀྱི་ལོ་གལ་ཆེན་དེར་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་སྔར་བས་ཟབ་ཏུ་བཏང་ནས། སོ་ཏི་ཨ་རབ་ཕྱོགས་ཀྱི་འགོ་ཁྲིད་པ་སང་ལོར་ཀྲུང་གོར་འཚོག་རྒྱུའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྒྱུར་དགའ་བསུ་ཞུ་འདོད་ཡོད་ལ། སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་རེ་སྒུག་ཀྱང་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་རིམ་མཐོའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲ་སྒྲིག་ལས་དོན་དང་འབྲེལ་མཐུད་རྒྱུན་འཁྱོངས་བྱས་ནས། སང་ལོའི་ཕྱོགས་གཉིས་པོའི་གྲོས་རིམ་གལ་ཆེན་འགན་ལེན་ཡག་པོ་བྱེད་པར་ཞབས་འདེགས་ཞུ་འདོད་ཡོད།
ཧྥེ་སར་གྱིས་གསུངས་དོན། མིག་སྔར་སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཉིན་བཞིན་ཟབ་ཏུ་ཕྱིན་ནས་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ལྷག་པར་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕན་ཚུན་མཉམ་འགུལ་ཟབ་མོ་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བར་མཛུབ་ཁྲིད་དང་འཆར་གཞི་བཀོད་ཡོད། སོ་ཏི་ཨ་རབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་གཏོང་གི་མིན་ལ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་གང་རུང་ལའང་རྒྱབ་སྐྱོར་གཏན་ནས་བྱེད་ཀྱི་མིན། “ཐའེ་དབན་རང་བཙན”གྱི་བྱེད་སྤྱོད་རྒྱ་ཡན་དུ་གཏོང་བ་དེ་ནི་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་དང་རྦད་དེ་རྒྱབ་འགལ་བྱས་པ་ཞིག་དང་། རྒྱལ་སྤྱིའི་ཐོག་གི་ཁ་ཕྲལ་ཕྱོགས་གཏོགས་སྣ་ཚོགས་ཀྱིས་འཛམ་གླིང་ཟང་ཟིང་བཟོ་རིགས་རྒྱ་ཡན་དུ་བཏང་བ་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།