དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་གྲོང་ཚོས“འགན་ལེན་བཞིའི”དོ་དམ་བྱེད་སྟངས་གསར་གཏོད་བྱས་པས་གཞི་རིམ་བཅོས་སྐྱོང་དང་ཐོན་ལས་དར་རྒྱས་ལ་གསོན་ཤུགས་རྒྱས་པ།

    བེད་མེད་དྲོད་ཁང་ཕྱུག་འགྱུར་གསེར་གྱི་ལྡེ་མིག་ལ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-17

    འདི་ནི་སྔོ་ཚལ་དང་ཤིང་འབྲས་རྟེན་གཞིར་བཏབ་པའི་མ་རྨོས་ལོ་ཏོག་ཡིན་པ།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་སྐད་གྲགས་ཅུང་ཆེ་བའི་སྔོ་ཚལ་དང་ཤིང་ཏོག་འདེབས་མང་བའི་སྨན་རི་ཤང་ལ་ཆ་མཚོན་ན། དེ་སྔོན་སྐབས་ཤིག་རིང་འཕེལ་རྒྱས་ཡག་པོ་མ་བྱུང་བར་དྲོད་ཁང་ཆེན་པོའི་ས་ཆ་ཁེ་ལས་ཀྱིས་ཚུར་སློག་པ་དང་། དྲོད་ཁང་ཆེན་པོ་བེད་མེད་དུ་ལུས་པ། ས་ཞིང་གི་བོགས་དངུལ་འགྱངས་ཆད་དུ་སོང་བ། འགལ་ཟླ་ཡང་ཡང་ཐོན་པ་ལ་སོགས་པའི་དཀའ་ངལ་མང་པོ་འཕྲད་མོད། འོན་ཀྱང་ད་ཆ་ཤང་དེ་ཉིད་ཁྱད་ལྡན་ཞིང་ལས་ཀྱི་དཔེ་མཚོན་ལྟ་བུར་གྱུར་ཞིང་། དྲོད་ཁང་ཆེན་པོ་74ཚང་མ་བེད་སྤྱོད་གང་ལེགས་ཐུབ་པ་དང་། ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་400ལྷག་ཙམ་ཟིན་པ། མང་ཚོགས་ལ་སྐུལ་ཁྲིད་ཐུབ་ནས་འབབ་འཕར་སྒོར་ཁྲི་80བྱུང་བ་མ་ཟད། ད་དུང་ཕྱི་ཕྱོགས་ཀྱི་འདེབས་འཛུགས་དུད་ཚང་དང་ས་གནས་དེ་གའི་ཡུལ་མི་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་བྱུང་ཡོད།

    འཕོ་འགྱུར་དེ་ལྟ་བུ་ནི་སྨན་རི་གྲོང་ཚོས“འགན་ལེན་བཞིའི”དོ་དམ་ཨུ་ལྷན་གསར་དུ་བཙུགས་པའི་ཁར། “བདེ་འཇགས་ལ་འགན་ལེན་དང་། བརྟན་ལྷིང་ལ་འགན་ལེན། འཕེལ་རྒྱས་ལ་འགན་ལེན། སྐྱེ་ཁམས་ལ་འགན་ལེན”བཅས་འདེགས་སྐྱོར་དུ་བྱས་ཏེ། གཞི་རིམ་བཅོས་སྐྱོང་དང་ཐོན་ལས་དར་རྒྱས་ཀྱི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་བཏང་བ་ལས་བྱུང་བ་ཞིག་རེད།

    ཁེ་ལས་ཀྱིས་བོགས་མ་སློག་པ་ནས་གྲོང་ཚོའི་མཉམ་སྡེབ་ཀྱིས་གཉེར་འགན་བླངས་པའི་བར།

    2024ལོར་ཀུང་སིས་བོགས་མར་བླངས་པའི་ས་ཆ་ཚུར་བསློགས་རྗེས་སྨན་རི་གྲོང་ཚོའི་དྲོད་ཁང་ཆེན་པོར་སྔར་བྱུང་མྱོང་མེད་པའི་ཉེན་ཁ་འཕྲད་པ་སྟེ། ས་ཞིང་གི་བོགས་དངུལ་སྒོར་ཁྲི་95རག་མེད་པ་དང་དྲོད་ཁང་ཆེན་པོ་74ཡི་ཁྲོད་ནས་ཕྱེད་ཀ་ཙམ་གྱི་འགྱིག་ཤོག་རལ་ནས་མང་ཚོགས་ཀྱི་ཡོང་འབབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ལ། སྔོ་ཚལ་དང་ཤིང་ཏོག་ཐོན་ལས་འཕེལ་རྒྱས་འགྲོ་འགོར་བའི་གནས་སུ་གྱར།

    “བེད་མེད་གོག་ཧྲུལ”གྱི་དྲོད་ཁང་དེར་དམིགས་ནས་གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་གྱི་ཚོགས་ཆེན་འཚོགས་ཏེ“འགན་ལེན་བཞིའི”དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཐག་བཅད་ཅིང་། གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་དེ་ཏང་ཡོན་8དང་འདེབས་འཛུགས་དུད་ཚང་གི་འཐུས་མི་17བསྡུས་ནས་ནུས་ཤུགས་ཡོད་རྒུས་ཐོན་ལས་སྐྱོབ་ཐབས་དང་དམངས་སེམས་བརྟན་དུ་འགྲོ་ཐབས་བྱས།

    ཏང་ཡོན་གྱིས་དུད་ཚང་འགན་གཙང་བླངས་ནས་དུད་ཚང་རེ་རེ་བཞིན་ལ་འདྲི་རྟོགས་བྱེད་པར་བསྐྱོད་དེ་རྩོད་གཞིའི་གསལ་ཐོ་21གསེད་བཀྲོལ་བྱས་པ་སྟེ། ཁེ་ལས་ཀྱིས་འགྱངས་ཆད་བྱས་པའི་ཁེ་སྤོགས་ནས་རག་མེད་པའི་ས་ཆ་འཁོར་རྒྱུག་གི་གྲོན་དངུལ་བར་གྱི་རྩིས་ཁྲ་ཚང་མ་ནི་ཡུལ་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཤ་སྟག་རེད། དེར་བརྟེན་སྨན་རི་གྲོང་ཚོའི་ཏང་ཀྲི་པུས་སྨན་རི་ཤང་ཁྲིམས་འཛིན་སུའོ་དང་མཉམ་དུ་ཆེད་དོན་འདུམ་འགྲིག་ཚོགས་ཆུང་བཙུགས་ཏེ། ཁྲིམས་ལྟར་གཏུག་བཤེར་གྱི་གོ་རིམ་འགོ་བཙུགས་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་དགོས་ངེས་ཀྱི་ཁེ་དབང་བརྩོན་ལེན་བྱས།

    དུས་མཚུངས་སུ་འགྱིག་ཤོག་རལ་ཚད་60%ལྷག་ཙམ་ཟིན་པའི་དྲོད་ཁང་ཆེན་པོ་དག་སྨན་རི་གྲོང་ཚོས་ཉམས་བཟོ་ཧུར་ཐག་བྱས་ཤིང་། གྲོང་གསེབ་དར་རྒྱས་མ་དངུལ་སྒོར་ཁྲི་49བརྩོན་ལེན་བྱས་ཏེ། འགྱིག་ཤོག་འགྲིལ་མ་150བརྗེས་པ་དང་། སྒྲོག་འཛིན་སྨི་8000སྲ་བརྟན་དུ་བཏང་བ། ལྕགས་དྲ་སྨི་3500བསྐོར་བ་སོགས་བྱས་ནས་དྲོད་ཁང་ལ་ཕྱོགས་ཡོངས་ནས་ཉམས་གསོ་བྱས་ཡོད།

    ཁེར་རྐྱང་དུ་འཐབ་རྩོད་བྱེད་པ་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་བར།

    ཕྱི་ནས་ཡོང་བའི་འདེབས་འཛུགས་དུད་ཚང་ལ་གཞིགས་ནས་དང་ཐོག་སྨན་རི་གྲོང་ཚོར་འབྲེལ་གཏུག་སྤེལ་རེས་དང་། གོམས་གཤིས་མི་འདྲ་བ། འདེབས་འཛུགས་ལག་རྩལ་མི་སྙོམས་པ་བཅས་ཀྱི་ཐད་དོ་དམ་བྱེད་དཀའ་བའི་གནད་དོན་འཕྲད་ཡོད། ཁྱུ་བསྒྲིགས་ནས་འཕེལ་རྒྱས་ཡོང་བར་བྱ་ཆེད། སྨན་རི་གྲོང་ཚོའི་ཏང་ཀྲི་པུས“འགན་ལེན་བཞིའི”འགན་འཁྲིའི་འཁོར་འབྲེལ་གྱི་ནུས་པ་ཧུར་ཐག་བཏོན་ཞིང་། འཁུར་བླངས་ཏང་ཡོན་ལ་རང་འགུལ་ངང་དྲོད་ཁང་དུ་བསྐྱོད་ནས་འདེབས་འཛུགས་དུད་ཚང་ལ་ཞབས་འདེགས་ཞུ་རུ་བཅུག་པ་ནས་བཟུང་ཁ་ཐོར་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་ཅིང་། ཞིང་ཆེན་བརྒལ་བའི“ཕྱི་ནས་ཡོང་བའི་དུད་ཚང”དག་མཉམ་དུ་ཁྱིམ་གཞིས་སྐྲུན་པའི“ཡུལ་མི་གསར་པར”གྱུར་ཏེ་མི་རིགས་མཐུན་སྒྲིལ་དང་ཐོན་ལས་མཐུན་སྦྱོར་གྱི“གཉིས་ཁེའི་དྲ་བ”གྲུབ་ཡོད།

    གློག་སྐུད་ཚད་ལྡན་ཡིན་མིན་ནས་ཆུ་འདྲེན་སྦུ་ཁ་ནས་ཐིགས་པ་འཛག་མིན་བར་འཁུར་བླངས་ཏང་ཡོན་གྱིས་རྣམ་གྲངས་རེ་རེ་བཞིན་རྒྱུས་ལོན་དང་རེ་རེ་བཞིན་ལ་འདྲི་རྟོགས་བྱས་ནས། དུས་ཐོག་ཏུ་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཡོད། ད་ལོ་ཤར་ཚུན་དུ་རིམ་རྩིས་བརྒྱབ་ན་གློག་སྤྱོད་ཚད་ལྡན་མིན་པ་དང་ཞིང་ལས་འཕྲུལ་ཆས་ལ་བཀོལ་སྤྱོད་ཀྱི་ཉེན་ཁ་ལྡན་པ་སོགས་མངོན་མེད་རྐྱེན་ངན་ཁག་136བསལ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་གཅིག་ཀྱང་མི་ཐོན་པ་བྱས་ཡོད།

    ནུས་ཆུང་ནང་རྨུག་རྒྱག་པ་ནས་སྤུས་རྟགས་བཏོད་པའི་བར།

    “སྔོན་ཆད་འདེབས་འཛུགས་དུད་ཚང་མང་ཆེ་བས་པད་ཚལ་དང་ལ་ཕུག་སོགས་ཟུར་སྣོན་རིན་ཐང་དམའ་བའི་སྐྱེ་དངོས་འདེབས་ཀྱི་ཡོད། ཐོན་རྫས་འདྲ་མཚུངས་ཡིན་པའི་དབང་གིས་རྟག་ཏུ་གོང་དེ་ཙམ་རག་གི་མེད། རིན་གོང་དམའ་ཤོས་སྐབས་སུ་སུར་པན་རྒྱ་མ་གང་ལ་སྒོར་ཟུར་བརྒྱད་ལས་རག་གི་མེད”ཅེས་སྨན་རི་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཟླ་བ་ནོར་བུས་བཤད།

    “ཁེར་རྐྱང་འཐབ་རྩོད་བྱེད་པ”དང“ནུས་ཆུང་ནང་རྨུག་རྒྱག་པ”སོགས་བྱས་ན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་ཕན་པ་མེད། གནས་ཚུལ་དེ་རིགས་ལ་འགྱུར་ལྡོག་གཏོང་ཆེད། སྨན་རི་གྲོང་ཚོའི“འགན་ལེན་བཞིའི”དོ་དམ་ཨུ་ལྷན་གྱིས་འདེབས་འཛུགས་དུད་ཚང་དང་གྲོས་མོལ་བྱས་ནས། དྲོད་ཁང་ཆེན་པོ་74ཡོད་པ་དག་སྔོ་ཚལ་ཁུལ་དང་། ཤིང་ཏོག་སྔོ་ཚལ་ཁུལ། ཤ་མོའི་རིགས་ཁུལ་བཅས་སུ་ཕྱེ་ནས་ཞི་ཀྭ་དང་། ཤིང་ཏོག་ཀྲོ་མ་ཀྲུ། ཤིང་ཏོག་མ་རྨོས་ལོ་ཏོག་སོགས་རེས་མོས་ཀྱིས་བཏབ་སྟེ། ཐོན་སྐྱེད་གཉེར་སྐྱོང་ལ་སྤྱི་འདོམས་བྱས་ནས“མཐུན་སྦྱོར་གཉིས་ཁེའི”འཕེལ་རྒྱས་ཀྱི་ཕན་འབྲས་རིམ་བཞིན་ཆེ་རུ་བཏང་ཡོད།

    ས་ཆ་གཅིག་ལ་ཕན་པ་ཐོབ་པ་ནས་ས་ཁོངས་ཧྲིལ་པོར་ཁྱབ་འགྱེད་ཐུབ་པའི་བར།

    བྲག་ཡིབ་ཆུས་སྨན་རི་ཤང་ནི་གསེར་སྐྱེམས་ལའི་འདབས་སུ་ཡོད་པ་དང་། དེའི་ལྷོ་ཕྱོགས་སུ་ཡར་ཀླུང་གཙང་པོ་ཡོད། ཉེ་བའི་ལོ་ཤས་རིང་ཁྲོན་བོད་ལྕགས་ལམ་གྱི་ལས་གྲྭ་དང་ཁྲོན་བོད་གཞུང་ལམ་G318ལམ་ཐིག་རིམ་སྤོར་སྒྱུར་བཀོད་ལས་གྲྭ་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ས་གནས་དེ་གར་ས་ཁོངས་ཀྱི་ལེགས་ཆ་རིམ་སྤོར་བྱེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ཡོད།

    སྨན་རི་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་ཆེན་པོའི་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་རྟེན་གཞི་དང“འགན་ལེན་བཞིའི”དོ་དམ་ཨུ་ལྷན་དཔེ་སྟོན་དུ་བྱེད་པ་དང་། གཞི་ཁྱོན་དང་། སྤུས་ཚད། རྒྱུན་མཐུད་ཆོག་པ་བཅས་ཟུང་འབྲེལ་བྱ་རྒྱུ་ལྟེ་བར་བྱས་ཏེ། སྨན་རི་ཤང་གིས་ས་ཁོངས་ཧྲིལ་པོའི་སྔོ་ཚལ་དང་ཤིང་འབྲས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཉིང་ཁྲིར་ཁྱབ་པ་དང་ལྗོངས་ཡོངས་ལ་ཁྱབ་འགྱེད་ཐུབ་པའི་ཤ་ཚལ་སྒོང་གསུམ་མཁོ་སྤྲོད་འགན་ལེན་མ་ལག་རིམ་བཞིན་བཙུགས་ནས་འདུ་འགོད་གལ་ཆེན་འཛུགས་སྐྲུན་གྱི“ལྕེ་རྩེའི”རྟེན་གཞི་བསྐྲུན་ཡོད།

    སྔོ་ཚལ་དང་ཤིང་འབྲས་ཐོན་ལས་དཔེ་སྟོན་གྲོང་ཚོ་ཡིན་པའི་སྨན་རི་གྲོང་ཚོའི་སྔོ་ཚལ་དང་ཤིང་འབྲས་རྟེན་གཞིའི་ལོའི་ཐོན་འབབ་ཏུན་880ཟིན་པ་དེས་ཤང་ཡོངས་ཀྱི་བསྡུར་ཚད་ཀྱི་32%བཟུང་ཡོད། ཞིས་ཀྭ་དང་། ཀྲོ་མ་ཀྲུ། ཨ་ཤོམ་སོགས་སོས་པ་སྣ་ཁ་20ལྷག་ཙམ་ཉིན་ལྟར་ཏུན་2.5ཐོན་སྐྱེད་བརྟན་པོ་ཐུབ་ནས་མི་2500ཡི་ཉིན་རེའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

    2024ལོ་ནས་སྨན་རི་གྲོང་ཚོས“འགན་ལེན་བཞིའི”དོ་དམ་བྱེད་སྟངས་ཐོག་ནས་ཐོན་ལས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་། འདེབས་གསོ་ཟུང་འབྲེལ་གྱི་འཁོར་སྐྱོད་མ་ལག་རིམ་བཞིན་ཁྱབ་གདལ་བཏང་བ་བརྒྱུད“ས་ཆ་གཅིག་ལ་ཐོན་འབབ་མང་བའི”མཉམ་འདུས་གཉེར་སྐྱོང་རྣམ་པ་ཐོག་མར་ཆགས་ཡོད། སྔོ་ཚལ་དང་ཤིང་འབྲས་ཐོན་ལས་ལ་བརྟེན་ནས། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.81ཟིན་པ་དེ་དུས་མཚུངས་ལས་7.63%འཕར་ཏེ་དེ་སྔ་གནམ་ཆུ་སྒུག་ནས་སྡོད་པ་ནས་ད་ཆ་སྣ་མང་གཉེར་སྐྱོང་བྱེད་པའི་བར་འགྱུར་ལྡོག་བྱུང་ཡོད།

    གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པ་དང་མཐུན་སྦྱོར་འཕེལ་རྒྱས་བཏང་ཞིང་། ད་ཆ་སྨན་རི་ཤང་གི་འདེབས་འཛུགས་གསོ་ཚགས་རྟེན་གཞི་ཆེན་པོ་7ཉིང་ཁྲི་གྲོང་ཁྱེར་གྱི་མཁོ་སྤྲོད་འགན་ལེན་རྟེན་གཞིར་བདམས་པ་དང་། ས་ཁྱོན་མུའུ་2100ལྷག་ཙམ་ཟིན་པ། དྲོད་ཁང་ཆེན་པོ་91ཡོད་པ། ལོ་རེའི་ཐོན་འབོར་ཏུན་2700ལྷག་ཙམ་ཟིན་པ་བཅས་ལས་མིང་དོན་མཚུངས་པའི་ས་མཐོའི་སྔོ་ཚལ་དང་ཤིང་འབྲས་ཐོན་ཡུལ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།