དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲི་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་སྨན་རིན་མི་དགོས་པར་སྐྱ་འགྲིབ་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-17

    ཉེ་ཆར། རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱབ་སྐྱོར་ཤུགས་ཆེན་འོག ཉིང་ཁྲི་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་བརྩོན་ལེན་ཧུར་ཐག་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ། མི་10ལས་གྲུབ་པའི་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་པ་བཙུགས་ནས་སྤོ་བོ་རྫོང་དུ་སྨན་རིན་མི་དགོས་པར་སྐྱ་འགྲིབ་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཏེ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མང་ཚོགས་ཀྱིས་དངོས་སུ་ཚོར་བ་དང་དམངས་ཕན་སྲིད་ཇུས་ལོངས་སྤྱོད་ཐུབ་པར་བྱས་པ་རེད།

    སྤོ་བོ་རྫོང་གིས་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། ད་ཐེངས་ཀྱི་བྱེད་སྒོའི་རིང་ཡིད་འོང་ཤང་དང་། གཡུ་ཤུལ་ཤང་། རྡོ་རྗེ་ཤང་། སྤོ་བོ་རྫོང་གྲོང་བཅས་སུ་གཅིག་སྡུད་དབྱེ་བཤེར་བྱེད་ས་མང་པོ་བཙུགས་པ་དང་། རིགས་གཅིག་མཁས་ཅན་ཚོགས་པས་ཚོགས་ཆུང་བགོས་ནས་གཞི་རིམ་དུ་བསྐྱོད་དེ་མིག་ཤེད་དང་། མིག་རྩ། མིག་འབྲས་ཀྱི་གནོན་ཤུགས་སོགས་ལ་བརྟག་དཔྱད་ཞིབ་ཚགས་བྱས་ཤིང་། རིམ་རྩིས་བརྒྱབ་ན་མང་ཚོགས་405ལ་སྐྱ་འགྲིབ་ཕོག་པ་ཤེས་རྟོགས་རགས་ཙམ་བྱུང་བ་རེད། བརྟག་དཔྱད་བྱས་འབྲས་ལ་དམིགས་ནས“བཅོས་ཐུབ་རིགས་བཅོས་པ་དང་། ཚང་མ་སྨན་རིན་མི་དགོས་པར་བཅོས་པའི”རྩ་དོན་གཞིར་བཟུང། རིགས་དབྱེ་ནས་སྨན་བཅོས་བྱས་པ་རེད། དེའི་ནང་གཤགས་བཅོས་བྱེད་ཆོག་པའི་སྐྱ་འགྲིབ་ཕོག་མཁན་24ལ་གཤགས་བཅོས་མ་བྱས་གོང་གི་ཐོ་འགོད་དང་། བདེ་ཐང་གི་དྲིལ་བསྒྲགས་སློབ་གསོ། སྨན་སྤྲོད་པ་བཅས་ཀྱི་ལས་དོན་ཚད་ལྡན་ངང་བསྒྲུབས་པ་མ་ཟད། སྤོ་བོ་རྫོང་མི་དམངས་སྨན་ཁང་དུ་གཅིག་སྡུད་གཤགས་བཅོས་བྱ་རྒྱུའི་བཀོད་སྒྲིག་ཀྱང་བྱས་པ་དང་། གཤགས་བཅོས་ཀྱི་ཚད་ལ་སླེབས་མེད་རུང་མཆི་ལམ་འགག་པ་དང་མིག་སྐྱིར་གཉན་ཁ་རྒྱས་པ་སོགས་རྒྱུན་མཐོང་གི་མིག་ནད་ཕོག་པའི་མང་ཚོགས་ལ་མཆི་ལམ་གསང་བ་དང་མིག་སྐྱི་བཀྲུ་བ་སོགས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིན་མེད་སྨན་བཅོས་བྱེད་སྒོ་སྤེལ་རིང་། གནད་སྨིན་སྨན་བཅོས་དང་སེམས་རྩ་འཁོལ་བའི་ཞབས་ཞུ་ལས་ནད་པས་འོད་སྣང་བསྐྱར་དུ་མཐོང་ནས་འཚོ་བའི་སྤུས་ཚད་ཡང་ལེགས་སུ་ཕྱིན་པ་མ་ཟད། ཏང་དང་སྲིད་གཞུང་གིས་གཞི་རིམ་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་བརྒྱུད་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།