གྲངས་འཛིན་རིག་ནུས་ཀྱིས་འབྲོག་པའི་འཚོ་བར་མཐུན་རྐྱེན་བསྐྲུན་པ།
—— ནག་ཆུ་གྲོང་ཁྱེར་གྱི་འབྲོག་ཟོག་ཚོང་འདུས་སྐབས་བཅོ་བརྒྱད་པའི་འགོ་ཚུགས་མཛད་སྒོའི་མཐོང་ཐོས།

འདི་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་འབྲོག་པས་ཞྭ་མོ་སྒོ་བཞི་མའི་བཟོ་རྩལ་ཐོན་རྫས་འཚོང་བཞིན་པ།
ཟླ་བཅུ་གཉིས་པའི་བོད་བྱང་ཐང་དུ་གྲང་རླུང་འུར་འུར་དུ་ལྡང་ཡང་ནག་ཆུ་གྲོང་ཁྱེར་ཟོག་འགྲེམས་ཁུལ་གྱི་ཞིང་ཚོང་ཁྲོམ་རའི་ཚ་སོབ་སོབ་ཀྱི་རྣམ་པ་གཏན་ནས་འགོག་ཐབས་བྲལ། ཟླ་12ཚེས་15ཉིན་དུས་ཡུན་ཉིན་5ཡི་ནག་ཆུ་གྲོང་ཁྱེར་གྱི་འབྲོག་ཟོག་ཚོང་འདུས་སྐབས་བཅོ་བརྒྱད་པ་དེ་གར་འགོ་ཚུགས་པ་རེད།
ཁྲོམ་རར་སྐྱོད་སྐབས་སྣ་ལམ་དུ་འོ་དྲི་དང་ཤ་དྲི་ངམ་ངམ་དུ་འཐུལ་འོང་། འབྲོག་ཟོག་འགྲེམས་ཚོང་དང་། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཐོན་རྫས། གཟན་རྩྭ་དང་གཟན་ཆག ཁྱད་ལྡན་བཟའ་བཏུང་། ཐད་གཏོང་ཟོག་ཚོང་སོགས་འགྲེམས་ཁུལ་36གཞུང་ལམ་འགྲམ་དུ་གྲལ་སྟར་འགྲིག་པོས་བཀོད་སྒྲིག་བྱས་ཡོད། ཚགས་ཤ་སོས་པ་ནས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་བར་དང་། བྲོ་བ་ཆེ་བའི་སྲོལ་རྒྱུན་གྱི་ཤ་སྐམ་པོ་ནས་གསར་གཏོད་ཀྱིས་ཕྱུག་པའི་རིག་གནས་བསམ་བཀོད་ཐོན་རྫས་བར་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་11གི་གྲགས་ཅན་དང་རྩེར་སོན་ཐོན་རྫས་རིགས་300ཙམ་ཡོད།
ད་ཐེངས་ཀྱི་ཚོང་འདུས་ཐོག་ཚོང་གཉེར་བྱེད་པོ་1485ཞུགས་པའི་ཡིད་དབང་བཀུག་ཡོད་ཅིང་། དེའི་ནང་མཉམ་ལས་རྩ་འཛུགས་172དང་། ཁྱིམ་ཚང་འབྲོག་ར་དང་གསོ་ཚགས་དུད་ཆེན་371 ད་དུང་འབྲོག་པའི་དུད་ཚང་942བཅས་ཚུད་ཡོད་པ་རེད། ཁྲོམ་བཀྱག་སྟེང་དུ་བསྒྲིགས་པའི་ནག་ཆུའི་ཚགས་ཤ་དང་། ས་མཐོའི་ལུག་ཤ དཀར་ཆུའི་ཐོན་རྫས་སྤུས་ལེགས་སོགས་ལྷད་མེད་བཟའ་བཅར་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། ཁྲོམ་བཀྱག་བར་དུ་ད་དུང་སྲོལ་རྒྱུན་རྩལ་ནུས་དང་དེང་རབས་མཛེས་ཆོས་ཟུང་དུ་འབྲེལ་བའི་བོད་ཆས་དང་སྣམ་བུ་སོགས་ཀྱི་ལག་ཤེས་བཟོ་རྩལ་ལའང་དགའ་པོ་བྱེད་མཁན་མང་པོ་ཡོད།
ཚོང་འདུས་ཕན་འབྲས་ཆེ་ལ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་དམངས་ཕན་ཞིང་ཕན་གྱི་བྱེད་ཐབས་མང་པོ་བཏོན་པ་སྟེ། གྲོང་ཁྱེར་དང་རྫོང་ནོར་སྲིད་ནས་1:1གི་བསྡུར་ཚད་ལྟར་གདལ་གླའི་ཁ་གསབ་སྤྲད་དེ་ཞིང་འབྲོག་པ་ཚོང་འདུས་ལ་ཞུགས་པའི་མ་གནས་དམའ་རུ་བཏང་བ་དང་། ནག་ཆུ་གྲོང་ཁྱེར་དང་གསེར་རྙེད་ཆུས་རིམ་གཉིས་སྲོག་ཆགས་ལྟ་སྐུལ་ཞིབ་བཤེར་ས་ཚིགས་ཀྱིས་རིམས་ནད་ཞིབ་བཤེར་གྱི་གོ་རིམ་ནན་དུ་བཏང་བ། ཁྲོམ་ར་ལྟ་འདོམས་ཚོགས་ཆུང་གིས་ས་ཡུལ་དངོས་སུ་དྲང་བདེན་རྒྱ་མ་བསྒྲིགས་ནས་རྒྱ་སྲང་ཆད་པ་དང་། སྤུས་ཞན་གྱིས་སྤུས་ལེགས་སུ་རྫུས་པ། རིན་གོང་ཧམ་སྤོར་སོགས་གཏན་འགོག་བྱས་ཏེ་འཛད་སྤྱོད་པ་བློ་བདེ་པོས་དངོས་ཟོག་ཉོ་ཐུབ་པར་བྱས་པ། ཚོང་འགྲེམས་ཁུལ་དུ་ཆེད་མངགས་ཉོ་ཚོང་སྣེ་ཤན་པ་དང་སྐད་གཉིས་ལ་བྱང་ཆུབ་པའི་འགྲེལ་བཤད་པ་བཀོད་སྒྲིག་བྱས་ནས་ཚོང་པ་དང་འཛད་སྤྱོད་པའི་དབར་སྤེལ་རེས་ཟབ་མོ་བྱེད་པའི་སྦྲེལ་ཟམ་བསྐྲུན་པ་བཅས་བྱས་ཡོད།
“གྲངས་རིག་གིས་མཐུན་རྐྱེན་སྦྱོར་བ”ནི་སྐབས་འདིའི་ཚོང་འདུས་ཀྱི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་རེད། སྨྱན་སྦྱོར་ཚན་པ་མང་པོའི་ལས་སྟེགས་ཀྱིས་འགོ་ཚུགས་མཛད་སྒོའི་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱས་པས་ཁྱོན་དྲ་གྲོགས་ཁྲི་500ཙམ་གྱི་དོ་ཁུར་བྱས་ཡོད། རང་སྨྱན་སྦྱོར་པ་20ལྷག་ཙམ་འགྲེམས་ཚོང་ཁུལ་དུ་བསྐྱོད་ནས་ཐོན་རྫས་ཀྱི་ཁྱད་ཆོས་ངོ་སྤྲོད་དང་ཟས་སྤྱོད་བྱེད་སྟངས་དུས་ངེས་མེད་དུ་ངོ་སྤྲོད་བྱེད་ཀྱི་ཡོད་པས། ལེ་དབར་སྟོང་གི་ཆོད་པའི་ཡུལ་གཞན་ནས་ཀྱང་བྱང་ཐང་ཚོང་འདུས་ཀྱི་རྣམ་པ་ཉམས་སུ་མྱོང་ཐུབ།
ཚོང་འདུས་རིང་རྒྱུད་བཟང་ཕྱུགས་རིགས་ཆེད་དོན་ཉོ་ཚོང་དང་། སྤུས་རྟགས་འོས་སྦྱོར། མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་ཡང་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་ལས“ནག་ཆུའི་འབྲི་གཡག”དང“སྟོད་མའི་ལུག”སོགས་ས་ཁམས་མཚོན་རྟགས་ཀྱི་སྤུས་རྟགས་ཀྱི་སྙན་གྲགས་སྔར་བས་ཆེ་རུ་ཕྱིན་ཏེ་ཐོན་ཚོང་འབྲེལ་མཐུད་དང་། སྤུས་རྟགས་གསར་གཏོད། རིག་ནས་ཁྱབ་སྤེལ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་མང་ལས་སྟེགས་ཤིག་བཏོད་ཡོད།
དགུན་དུས་ཀྱི་སྟོན་མོ་འདི་ནི་སྐྱེ་ཁམས་འབྲོག་ཟོག་ཉོ་ཚོང་གི་ལས་སྟེགས་ཤིག་ཡིན་ལ། གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་ཡིན། སྲིད་གཞུང་གིས་ལས་སྟེགས་བསྐྲུན་པ་དང་། དྲ་ཚོང་གིས་རམ་འདེགས་བྱེད་པ། འབྲོག་པས་དགའ་བའི་ཞབས་བྲོ་འཁྲབ་པ་དང་སྐྱིད་པའི་གླུ་དབྱངས་བླངས་ནས་ས་མཐོའི་ལག་རྟགས་དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་ཏུ་གྱུར་པ་དང་བོད་བྱང་ཐང་གི་ཁྱད་འཕགས་ཀྱི་ཡུལ་སྲོལ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ས་ཆར་ཁྱབ་ཡོད།
འབྲེལ་ཡོད་གསར་འགྱུར།