ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་དུ་འཕེལ་རྒྱས་བཏང་ནས་འཚོ་བ་གསར་པ་བཏོད་པ།
ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པ་དང་། རྒྱལ་ལམ་219རྒྱུད་ཀྱི་མཁར་ཆུའི་A3རིམ་པའི་མཛེས་ལྗོངས་ཁུལ་དང་ལྷ་ཁང་གྲོག་རོང་སོགས་ཕུན་སུམ་ཚོགས་པའི་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་པས་ཡུལ་མི་ཚོས་ཡུལ་སྐོར་ཐོན་ལས་གཉེར་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད་ཡོད།
ལྷ་ཁང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཧོ་ཐུང་ཐའོ་ཡིས་ངོ་སྤྲོད་བྱས་པར། ལྷ་ཁང་གྲོང་རྡལ་གྱིས་དམངས་སྲོལ་གནས་ཚང་ཐོན་ལས་དེ་གྲོང་གསེབ་དར་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ཤིང་། ད་ཆ་དམངས་སྲོལ་གནས་ཚང་58ལ་ཉལ་ཁྲི་600ལྷག་ཙམ་ཡོད། རིམ་རྩིས་བརྒྱབ་ན། ད་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་5ལྷག་ཙམ་ལ་སྣེ་ལེན་བྱས་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་500ལྷག་ཙམ་བྱུང་ཡོད།
ཧོ་ཐུང་ཐའོ་ཡིས། ལྷ་ཁང་གྲོང་རྡལ་དུ་གསར་སྐྲུན་དང་སྒྱུར་བཀོད་བྱས་པའི་དམངས་སྲོལ་གནས་ཚང་གིས་བོད་ཀྱི་སྲོལ་རྒྱུན་འཛུགས་སྐྲུན་གྱི་ཁྱད་ཆོས་རྒྱུན་འཛིན་བྱས་པ་མ་ཟད།ད་དུང་བོད་ཟས་བཟོ་སྟངས་དང་། བོད་ཀྱི་ལག་ཤེས་ཉམས་ལེན། སྲོལ་རྒྱུན་གྱི་གླུ་གར་སློབ་པ་སོགས་ཀྱི་རྣམ་གྲངས་མཁོ་འདོན་བྱས་ཤིང་། ཕྱོགས་མཚུངས་དེང་རབས་འཚོ་བའི་གཞི་རྒྱུའང་མཉམ་བསྲེས་བྱས་ཏེ་ཁྱད་པར་ཅན་གྱི་འཕེལ་རྒྱས་ལ་བརྟེན་ནས་ཡུལ་སྐོར་བ་མི་འདྲ་བའི་དགོས་མཁོ་སྣ་མང་བསྐངས་ཡོད་ཅེས་བརྗོད་བྱུང་།
ལྷ་ཁང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་བསམ་གྲུབ་དང་མཉམ་དུ་ནགས་ཁྲོད་དུ་སྐྱོད་སྐབས། ལྗོན་ཤིང་གི་ལོ་འདབ་ཁྲོད་ན་ཀོ་ཤ་མང་པོ་སྐྱེས་ནས་འདུག
བསམ་གྲུབ་ཀྱིས“ང་ཚོའི་སྡེ་ཁུལ་ལ་ས་བབ་མཐོ་ཚད་སྨི་3000ཙམ་ཡོད་པ་དང་མཐའ་བཞི་རི་བོ་དང་ཚང་ཚིང་ནགས་ཀྱིས་བསྐོར་ནས་ཡོད། ན་ནིང་གྲོང་རྡལ་གྱིས་ང་ཚོར་སྣེ་ཁྲིད་དེ་ཀོ་ཤ་བཏབ་པར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་23རག་སྟེ་མང་ཚོགས་ལ་སྒོར་ཁྲི་14.5བགོ་འགྲེམས་བརྒྱབ་ཡོད། ད་ཆ་ཀོ་ཤའི་འདེབས་འཛུགས་རྒྱ་ཁྱོན་མུའུ་30ནས་ད་ལོའི་མུའུ་90བར་རྒྱ་ཆེར་བཏང་ཡོད”ཅེས་བརྗོད་བྱུང་།
ཧོ་ཐུང་ཐའོ་ཡིས། གོམ་སྟབས་རྗེས་མར། ལྷ་ཁང་གྲོང་རྡལ་གྱིས་མཁར་ཆུའི་མཛེས་ལྗོངས་ཁུལ་དང་། དམངས་སྲོལ་གནས་ཚང་། རིག་གནས་ཐོན་ཁུངས་བཅས་མཉམ་འགུལ་གསར་སྤེལ་གཏིང་ཟབ་བྱས་ཏེ“བོད་ཁྱིམ་རིག་གནས”ཁྱབ་གདལ་བཏང་ནས་སྲོལ་རྒྱུན་ལག་ཤེས་རྒྱུན་རྣམ་ཅན་གྱི་ཉམས་ལེན་བྱེད་སྒོར་བསྒྱུར་རྒྱུ་མ་ཟད། མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་གི་ཡིན་ཞེས་བརྗོད་བྱུང་།
(《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།