སྤྱི་ཡོངས་ལ་དམིགས་ནས་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་འཛིན་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས།
—— ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
སང་ལོའི་དཔལ་འབྱོར་ལས་དོན་ཇི་ལྟར་སྒྲུབ་དགོས་སམ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ཁ་གསལ་བསྟན་ནས། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་འཛིན་ཕྱོགས་བཏོན་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ངང་དུས་བབ་ལ་བརྡར་ཤ་གཅོད་པ་དང་རང་རྒྱལ་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ནས་སྤྱི་འདོམས་འཆར་འགོད་གནང་བ་ཞིག་རེད།
“བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། རྒྱལ་ནང་གི་དཔལ་འབྱོར་ལས་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འཐབ་རྩོད་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་པ་དང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་དགོས”དང་། “དགེ་མཚན་དེ་བས་ཆེ་བའི་སྤྱི་ཁོག་སྲིད་ཇུས་ལག་ལེན་བསྟར་ཏེ། སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས” “མུ་མཐུད་དེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་། མཁོ་སྤྲོད་ལེགས་སུ་གཏོང་བ། འཕར་འབོར་ལེགས་སུ་གཏོང་བ། གསོག་ཐེབས་ཕན་སྒྱུར་བཅས་བྱེད་དགོས”ཞེས་པ་ལ་སོགས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བཏོན་པའི་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དེ། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་བཞག་ནས་གོ་བ་ལེན་པ་དང་ལག་ལེན་བསྟར་དགོས།
ད་ལོ་ཚུན་དུ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཅིང་། གོ་ལ་ཧྲིལ་པོའི་ཚོང་དོན་ལ་སྒོ་ཁྲལ་གྱི་སྤྲིན་ནག་འཁྲིགས་པ་དང་། དེ་བཞིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་སྒྲིག་གཞིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དམའ་རུ་བཏང་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོས་འཕྲལ་དུ་ཕར་རྒོལ་དང་ཐབས་མང་མཉམ་སྤྱོད་བྱས་ཤིང་།ཁྱབ་ཁོངས་མང་པོར་ཕར་རྒོལ་གྱི“སྣ་འདུས་ཐབས་བཟང”སྤྱད་དེ་ཁ་གཏད་ནུས་ལྡན་བཅག་ནས། ཐོག་མཐའ་བར་གསུམ་དུ་རང་འགུལ་དབང་ཆ་དམ་པོར་བཟུང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྩི་འཇོག་ཐོབ་ཡོད།
ལོ་གཅིག་གི་རིང་། ང་ཚོས་སྲོལ་རྒྱུན་ཐོན་ལས་ལ་འཕེལ་རྒྱས་ཡོང་བ་དང་། གསར་དར་ཐོན་ལས་སྟོབས་ཆེར་འགྲོ་བ། འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་ཐུབ་པ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ལོ་གོང་མའི་དུས་མཚུངས་ལས་9.6%འཕར་ཡོད། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། མཐའ་མའི་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་53.5%ཟིན་པ་སོགས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་པོ་བྱེད་པ་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་དང་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་བའི་བར། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་གཏིང་ཤུགས་བརྟན་པོ་ཞིག་ཆགས་པར་བྱས་པས། “ཀྲུང་གོའི་བཅོས་སྐྱོང”གི་རྣམ་པ་ཀུན་ལས་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད།
ལོ་གཅིག་རིང་གི་སྤྱིར་བཏང་གཏན་ནས་མིན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་མཐའ་འཁྱོངས་བྱེད་པ”དེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་གྱི་གྲས་སུ་བཅུག་པར་གོ་བ་དེ་བས་གཏིང་ཟབ་ལེན་པ་དང་། ད་ཐེངས་ཀྱི་ཚོགས་འདུར་བཏོན་པའི“སྤྱི་འདོམས་དེ་བས་ཡག་པོ”་གཉིས་ཀྱི་བླང་བྱ་གསལ་པོར་གོ་བ་དེ་བས་གཏིང་ཟབ་ལེན་དགོས།
ཚོགས་འདུར་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྲིད་ཇུས་ཀྱི་འཛིན་ཕྱོགས་ཁ་གསལ་བཟོས་ཤིང་། “བརྟན་ཐོག་ཡར་འཕེལ་དང་སྤུས་འབྲས་ལེགས་གཉེར་མཐའ་འཁྱོངས་བྱེད་པ་དང་། གསོག་འབོར་སྲིད་ཇུས་དང་འཕར་འབོར་སྲིད་ཇུས་ཀྱི་འདུས་གྲུབ་ཕན་ནུས་འདོན་པ། དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་ཤུཌ་ཆེར་གཏོང་བ་བཅས་བྱེད་དགོས”ཞེས་བསྟན་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་ལ་ཁྲིད་སྟོན་ནུས་ལྡན་ཐུབ་རྒྱུ་དང་གཞི་ཆེན་སྲིད་ཇུས་ཀྱི་ནུས་ཕྱོད་གང་ལེགས་འདོན་པ་དང་ཆེ་རུ་གཏོང་བར་ཕན་ཐོགས་རྒྱུ་རེད།
སང་ལོའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་ལེགས་སྒྲིག་བྱེད་པར་དགེ་མཚན་དེ་བས་ཆེ་བའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་དགོས་པ་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་པ་དེ། ད་ལོའི་སྲིད་ཇུས་ཀྱི་འཛིན་ཕྱོགས་དང་རྒྱུན་སྲིང་ལག་བསྟར་བྱས་པ་ཞིག་རེད། དེ་ལས་གཞི་ཆེན་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་མཚོན་གྱི་ཡོད། དེ་ནི་དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་གྱི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད།
ད་ལོ་ཤར་ཚུན་དུ་དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1.3བཀོད་སྒྲིག་བྱས་ཏེ“གཙོ་གལ་གཉིས”དང“གསར་གཉིས”ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ནས། གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཡོ་བྱད་མང་པོ་གསར་བཟོ་དང་ལག་བསྟར་བྱས་ཏེ་ཚན་རྩལ་གསར་གཏོད་དང་འཛད་སྤྱོད་ཆེར་གཏོང་ལ་རམས་འདེགས་བྱས་པའི་བར་དང་། དེ་ནས་གཞི་ཆེན་སྲིད་ཇུས་ཀྱི་དམངས་འཚོའི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་པ་དང་མ་དངུལ་དང་ཐོན་ཁུངས་དེ་བས་མང་བ་མི་ལ་གཏོང་བའི་བར་སོགས། སྐབས་བསྟུན་གྲ་སྒྲིག་དང་། དུས་བསྟུན་ཁྱབ་སྤེལ། མཉམ་སྒྲུབ་ཤུགས་འདོན་བཅས་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་འཕེལ་ཐབས་བྱས་ཡོད། ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་པར། ནུས་ལྡན་གྱི་གཞི་ཆེན་སྲིད་ཇུས་དང་གནད་སྨིན་གྱི་སྤྱི་ཁོག་སྙོམས་སྒྲིག་དེ་རང་རྒྱལ་གྱི་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་གལ་འགངས་ཤིན་ཏུ་ཆེན་པོ་རེད།
སང་ལོའི་དཔལ་འབྱོར་ལས་དོན་གྱི་སྲིད་ཇུས་ཀྱི་འཛིན་ཕྱོགས་ཁོང་དུ་ཆུད་པའི་ཕྱོགས་གལ་ཆེན་ཞིག་ནི“སྤུས་འབྲས་ལེགས་གཉེར”དེ་ཡིན་ཞིང་། གཅིག་ནས་ཧུར་བརྩོན་དངོས་སྒྲུབ་ཀྱི་དམིགས་ཚད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ་དང་། སྲིད་ཇུས་ལག་བསྟར་བྱེད་ཤུགས་དང་། འཕེལ་རིམ། གོ་སྐབས་བཅས་ལ་དམ་འཛིན་ཡག་པོ་བྱེད་པ། “འདུས་གྲུབ་ཕན་ནུས” འདོན་པ་བཅས་བྱས་ནས་སྲིད་ཇུས་གནད་སྨིན་ཐུབ་ཚད་དང་ཕན་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གཞི་ཆེན་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་བཏང་སྟེ། སྲིད་ཇུས་དང་བྱ་ཐབས་སྣ་ཚོགས་སྤྱོད་སྐབས་ཁ་ཕྱོགས་གཅིག་ཏུ་ཤུགས་བརྒྱབ་ནས་མཉམ་ཤུགས་ཆགས་པར་བྱེད་དགོས། དཔལ་འབྱོར་གྱི“གཏན་འཇགས་ཡོ་བྱད”ལྟ་བུ་ཡིན་པའི་གཞི་ཆེན་སྲིད་ཇུས་ཀྱི་དགེ་མཚན་ཡག་པོ་བཏོན་ཏེ། སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བར་ཚད་བརྒལ་དེ་བས་ཆེན་པོ་བྱུང་ན། དཔལ་འབྱོར་འཁོར་རྒྱུག་དང་ཁྲོམ་རའི་སྔོན་དཔག་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་ལམ་ལུགས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་བཅོས་སྐྱོང་གི་ནུས་ཕྱོད་དུ་བསྒྱུར་ཐུབ་ནས་འཕེལ་རྒྱས་ཆེན་པོ་ཡོང་ངེས་རེད།
སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་འཛིན་ཕྱོགས་ཁྲོད་ནས་ང་ཚོའི་གདེང་ཚོད་ཆེ་རུ་ཕྱིན་ལ་ཀྲུང་གོ་དེ་བས་ཤེས་རྟོགས་ཐུབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གོམ་པ་རེ་རེ་བཞིན་མདུན་དུ་བསྐྱོད་ནས་ལས་དོན་ཁག་ཏན་ཏིག་བསྒྲུབས་ན། ང་ཚོས་ཀྲུང་གོའི་དཔལ་འབྱོར“གྲངས་འབོར”ཐད་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། “སྤུས་ཚད”ཐད་མུ་མཐུད་དུ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།