“ཀྲུང་གོས‘བརྟན་ལྷིང་གསེར་ཕུབ’ལྟ་བུའི་ནུས་པ་འདོན་བཞིན་པ”
—— ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་དབྱི་ས་མུའུ·ཧྲ་ལ་ཧྥུ་ལ་བཅར་འདྲི་བྱས་པ།
ཉེ་ཆར། 2025ལོའི“ཀྲུང་གོར་རྒྱུས་མངའ་ལོན་པའི”རྒྱལ་སྤྱིའི་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས་པ་དང་། ཚོགས་འདུ་འཚོགས་རིང་ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་དབྱི་ས་མུའུ·ཧྲ་ལ་ཧྥུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེང་སྐབས་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱབ་ལྗོངས་འོག“ཀྲུང་གོས‘བརྟན་ལྷིང་གསེར་ཕུབ’ལྟ་བུའི་ནུས་པ་འདོན་བཞིན་ཡོད་པ་དང་། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོར་ཕན་འདོགས་པ་བརྒྱུད་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆེད་རྒྱུན་མཐུད་ངང་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད”ཅེས་བརྗོད་པ་རེད།
ད་ཐེངས་ནི་ཧྲ་ལ་ཧྥུ་ཀྲུང་གོར་ཡོངས་ཐེངས་ལྔ་བཅུ་པ་དེ་ཡིན་ཞིང་། ཁོང་གིས“རང་ཉིད་ཀྲུང་གོར་ཡོང་རིམ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་བའི་མྱོང་ཚོར་ཡོང་གི་འདུག ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་ཚད་དང་སྤུས་ཚད་ལ་བསྔགས་བརྗོད་བྱེད་རིན་ཡོད་པ་ཞིག་རེད”ཅེས་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀྲུང་གོར་ཁྱབ་ཁོངས་མང་པོའི་ཐད་ནས་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་དཔལ་འབྱོར་བསྡོམས་འབོར་སྐས་རིམ་གསར་པར་སླེབས་ཏེ་ཕྱོགས་བསྡུས་རྒྱལ་སྟོབས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད། ཧྲ་ལ་ཧྥུ་ཡིས“རང་ཉིད་ལ་བབ་ཆགས་ཟབ་ཤོས་བྱུང་བ་ནི་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་པ་དེ་ཡིན་ཞིང་། དེས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཡོངས་ཁྱབ་ཀྱི་འདུན་པར་བསྟུན་པ་དང་དེང་སྐབས་འཛམ་གླིང་གི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་འཚམ་པས་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འདེགས་སྐྱོར་གལ་ཆེན་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད”ཅེས་བརྗོད་པ་རེད།
ཧྲ་ལ་ཧྥུ་ཡི་ངོས་འཛིན་ལྟར་ན། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ”དེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ཁྲོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་པོའི་གྲས་སུ་བཅུག་པ་ལས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་པོ་མངོན་ཡོད། ཧྲ་ལ་ཧྥུ་ཡིས“ཀྲུང་གོས་དཔལ་འབྱོར་ཐད་སྤུས་ཚད་རིམ་སྤོར་ནུས་ལྡན་དང་འབོར་ཚད་ལུགས་མཐུན་འཕར་བར་དེ་བས་མཐོང་ཆེན་བྱས་ཏེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་སུ་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་ཀྱི་ཡོད། དེས་ཀྲུང་གོའི་ཚན་རྩལ་ཡར་ཐོན་དང་འཕེལ་རྒྱས་ཆུ་ཚད་རྒྱུན་མཐུད་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། ད་དུང་འཛམ་གླིང་གི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པའང་སྦྱིན་རྒྱུ་རེད”ཅེས་བརྗོད་པ་རེད།
ཧྲ་ལ་ཧྥུ་ཡིས“ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བྱས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད”ཅེས་བརྗོད་པ་དང་། ཁོང་གིས“ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད་ཅིང་། དེས་རྒྱལ་ཁབ་གཞན་དག་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱབ་ཁབ་དར་རྒྱས་ཕྱོགས་སུ་གོམ་པ་སྤོ་བར་མུ་མཐུད་རམ་འདེགས་ཐུབ་རྒྱུ་རེད”ཅེས་བརྗོད། ཁོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་དང་གོ་ལ་ཧྲིལ་པོའི་དར་རྒྱས་གནད་དོན་འབྲེལ་བ་དམ་ཟབ་ཡོད་པས། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཀྱང་དངོས་སྒྲུབ་མཉམ་ལས་བྱེད་པ་བརྒྱུད་འཛམ་གླིང་ལ་ཕན་པ་ཐོབ་ཀྱི་ཡོད་ཅེས་བརྗོད་པ་རེད།
ད་ཕན་ལོ་ཤས་རིང་། ཧྲ་ལ་ཧྥུ་ཨེ་ཅིབ་དང་ཀྲུང་གོ་དང་། ཨ་རབ་དང་ཀྲུང་གོའི་ཤེས་དཔལ་སྤེལ་རེས་ནང་ཧུར་ཐག་ཞུགས་པ་དང་། ཁོང་གིས་ཀྲུང་གོས་དར་སྤེལ་བཏང་བའི“བསྟུན་ཀྱང་གཅིག་མཚུངས་མི་བྱེད་པའི”འདུ་ཤེས་ལ་མོས་སེམས་ཆེན་པོ་བྱུང་ཞིང་། ཁོང་གིས་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོས་ཤེས་དཔལ་བསྟུན་མཁས་མཉམ་གནས་དང་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བར་དོན་སྙིང་འགངས་ཆེན་ལྡན་ཡོད། ཀྲུང་གོ་དང་རྒྱལ་ཁབ་གཞན་དག་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཞི་བདེ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད་པའི་ངོས་འཛིན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།